༸རྒྱལ་དབང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་ཚོགས་འདུའི་ཐོག ༸སྐུའི་ཡང་སྲིད་སྐོར་ད་ལྟ་ང་ཚོས་གོ་བསྡུར་བྱས་རན་དང་མི་རན་བསམ་བློ་གཏོང་དགོས་པ་རེད་ཅེས། སྲིད་སྐྱོང་གིས་གསུངས་པ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ་བཞུགས་སྒར་ཉེ་འཁྲིས་སུ། སྤྱི་ཟླ་༨པའི་ཚེས་༢༤ནས་༢༥ཉི་མ་གཉིས་ཀྱི་རིང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་༧གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་བའི་ཚོགས་འདུ་བསྐོང་བཞིན་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་སྐབས། ཁྱེད་རང་ཚོའི་གྲོས་གཞི་ཐ་མ་དེར་༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་མ་འོངས་གནས་སྟངས་སྐོར་ཡིན་པ་དང་། མ་འོངས་གནས་སྟངས་སྐོར་བཤད་དུས་རང་བཞིན་གྱིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་འབྲེལ་ཆགས་ཡོང་གི་ཡོད་ནའང་། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་དེ་ད་ལྟ་ང་ཚོས་གོ་བསྡུར་བྱས་རན་དང་མི་རན་བསམ་བློ་བཏང་དགོས་པ་རེད་ཅེས་གསལ་སྟོན་གནང་གི་འདུག
གཞན་ཡང་ཁོང་གིས་༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་རྒྱུ་གལ་ཆེན་གྱི་ཁར། བོད་པའི་སྤྱི་ཚོགས་བསྲ་ཐག་ཐག་གནས་ཏེ་རྒྱ་ནག་གིས་དཀྲུག་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐུབ་རེ་ཡོད་པ་གསུང་གནང་གི་འདུག
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས། སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་དང་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན། བཀའ་ཟུར་བློ་བཟང་སྙན་གྲགས་དང་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གི་བཅས་ནས། ཚོགས་ཐོག་ཏུ་༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཅི་བྱུང་། ས་བབ་སྲིད་བྱུས་ཐོག་གལ་གནད་དང་བོད་མིའི་རང་དབང་འཐབ་རྩོད་ཐད་གལ་གནད། ༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གནད་དོན་སོགས་གསུང་བཤད་གནང་གི་ཡོད་ཅིང་། རྣམ་གྲྭ་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་ནས་༧རྒྱལ་དབང་ལྔ་བའི་སྐབས་བླ་བྲང་གི་མཚན་བོད་གཞུང་ལ་བཏགས་ཏེ་༧རྒྱལ་མཆོག་ལྔ་བའི་སྐབས་སྡེ་སྲིད་ཀྱི་སྲོལ་གཏོད་པ་དང་། བདུན་པའི་སྐབས་བཀའ་བློན་དང་བཀའ་ཤག་གི་སྲོལ་གཏོད་པ། ༧སྐུ་ཕྲེང་བརྒྱད་པའི་སྐབས་སྲིད་སྐྱོང་དང་རྒྱལ་ཚབ་ཀྱི་སྲོལ་གཏོད་པ་ནས་བོད་ཀྱི་རྒྱལ་ཁབ་དང་མི་རིགས། ཆོས་རིག་བསྟན་འགྲོ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད་པ་དང་། གསུང་འབུམ་ཡང་༧རྒྱལ་དབང་དང་པོ་ནས་བཅུ་གསུམ་བར་གཅིག་པུར་པོ་ཏི་བརྒྱད་ཅུ་ལྷག་དང་། དགོན་པ་ལྔ་བཅུ་ལྷག་བཏབ་མྱོང་ཡོད་པས་༧རྒྱལ་དབང་རིམ་བྱོན་ནས་ནང་བསྟན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་སོགས་གསུང་གི་འདུག
ས་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས། ༧རྒྱལ་བ་རིན་པོ་ཆེ་ཞེས་པའི་གལ་ཆེན་དེ་ལོ་རྒྱུས་ཐོག་ཇི་ལྟར་གྲུབ་པ་དང་། བོད་ཀྱི་ས་བབས་དེ་འཛམ་གླིང་སྤྱི་དང་བྱེ་བྲག་ལ་གལ་གནད་ཇི་ལྟར་ཆགས་པ། བོད་མི་དང་༧རྒྱལ་བ་རིན་པོ་ཆེའི་བར་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས། ཡང་བསམ་བློ་དང་ཆོས་ལུགས། སྤྱི་ཚོགས་འཕེལ་རིམ་དང་འཛམ་གླིང་གི་ད་ལྟའི་གནས་སྟངས་འགྱུར་བ་འགྲོ་ཚུལ་སོགས་ཀྱི་ཆ་ནས་ཀྱང་། ༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་ཀྱི་གལ་གནད་སྐོར་གསུང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། ༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་དང་ལྷག་པར་༧རྒྱལ་དབང་ལྔ་བ་ཆེན་མོ་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ། བོད་མི་ཚོར་བཀའ་དྲིན་ཆེ་ཚུལ་དང་དེའི་ནང་ནས་ཀྱང་༧རྒྱལ་དབང་བཅུ་བཞི་པ་མཆོག་ནས་བོད་མིའི་ཉག་ཕྲའི་དུས་ཚོད་ལ་ཅི་ཙམ་བཀའ་དྲིན་བསྐྱངས་པ་བསོད་ནམས་ཀྱི་བགོ་སྐལ་སླད་དུ་ཚོགས་འདུ་བསྐོངས་པ་འགྲེལ་བརྗོད་གནང་གི་འདུག
༧རྒྱལ་དབང་སྐུ་ཕྲེང་གཉིས་པ་ནས་བཟུང་༧རྒྱལ་དབང་གི་བླ་བྲང་དགའ་ལྡན་ཕོ་བྲང་ནི། སྤྱི་ལོ་༡༥༡༨ལོར་སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་དེ། ༧རྒྱལ་དབང་སྐུ་ཕྲེང་གཉིས་པ་ལ་ཕུལ་ཏེ་མིང་དགའ་ལྡ་ཕོ་བྲང་དུ་བསྒྱུར་བ་ལས་བྱུང་ཞིང་། ༧རྒྱལ་དབང་ལྔ་བ་ཆེན་མོར་སོག་པོ་གུ་ཤྲི་ཧན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་དབང་ཕུལ་བ་ནས་བཟུང་། བོད་སྡེ་བ་གཞུང་གི་མཚན་ལ་བོད་གཞུང་དགའ་ལྡན་ཕོ་བྲང་དུ་བཏགས་ནས། ༧རྒྱལ་དབང་གི་བླ་བྲང་དེ་བོད་གཞུང་གི་ངོ་བོ་ལ་འཕོ་འགྱུར་ཕྱིན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།