སྤྱི་འཐུས་ཚོགས་གཙོ་མ་འོངས་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་ཡིན་པ།
2015.07.23

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་རེད།
དེ་ཡང་སྤྱི་ཚེས་༢༣ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཇུག་ཁང་ལ་གདན་ཞུས་ཐོག་བཅར་འདྲི་གནང་སྐབས། མ་འོངས་སྲིད་སྐྱོང་བཞེངས་མིན་ཐད་གླེང་མོལ་བྱུང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས། དེ་སྔ་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ང་མ་འོངས་སྲིད་སྐྱོང་གི་འོས་མི་ལ་གསལ་བསྒྲགས་ཐོག་མ་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ཡང་རེ་བ་བྱེད་མཁན་མང་པོ་འདུག ལྷག་པར་ད་ཐེངས་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་མེད་མ་གསུངས་རོགས་སྤྱི་ཚོགས་ནང་འདེམས་ཀ་ཞིག་དགོས་ཀྱི་འདུག་ཟེར་མཁན་མང་པོ་འདུག དེ་འདྲ་ཡིན་དུས་རིམ་པས་རྡ་རམ་སཱ་ལར་ཕར་ལོག་ནས་ངོ་ཤེས་པ་དང་། ནང་མིར་གྲོས་མོལ་བྱས་རྗེས་སྲིད་སྐྱོང་འོས་མིར་ལངས་དགོས་ཆགས་ས་རེད། ལྷག་པར་མང་གཙོ་ཡིན་དུས་མི་མང་ལ་ཡང་འདེམས་ཀ་དགོས་ཀྱི་འདུག་པས་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་ཐུགས་རེ་ཡོད་ཚུལ་གསུངས་ཡོད་པ་རེད།
གནས་ཚུལ་ལྟར་ན། སྤྱི་ཟླ་བདུན་པའི་ཚེས༢༣ཉིན་བཞུགས་སྒར་དུ་ཚོགས་པའི་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་མ་འོངས་སྲིད་སྐྱོང་འོས་མི་འདེམས་སྒྲུག་བྱས་སྐབས། ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་མང་ཤོས་ཀྱིས་མཚན་འདོན་བྱས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་བོད་ཀྱི་གནད་དོན་དང་། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས། བཙན་བྱོལ་ནང་གི་གནས་སྟངས་སོགས་འབྲེལ་ཡོད་གནད་དོན་འདྲ་མིན་ཐད་གླེང་མོལ་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།