མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྲིད་སྐྱོང་འོས་མིར་ལངས་པ་ཡིན།
2015.08.03

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མ་འོངས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ། དེའི་སྐོར་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
དེ་རིང་ཕྱི་ཚེས་༣་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། མ་འོངས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུར་གསར་འགོད་གསལ་བསྒྲགས་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། དབུས་གཙང་ཆོལ་ཁ་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བཞུགས་སྒར་དང་ཕྱི་རྒྱལ་ཁག་གི་བོད་མི་མང་གིས་རེ་འདུན་གནང་བ་ལྟར། ཁོང་ཚོའི་རེ་འདུན་དང་རྒྱབ་སྐྱོར་ལ་རྩིས་མཐོང་བྱས་བའི་སྒོ་ནས་ཁོང་ཉིད་མ་འོངས་སྤྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་དེ་རིང་དངོས་སུ་བསྒྲགས་པ་ཡིན་ཅེས་དང་། ཡང་ཁོང་གིས། ལོ་མང་གྲོས་ཚོགས་ནང་ཞབས་ཞུ་གནང་བའི་ཉམས་མྱོངས་གི་ཐོག་ནས་མ་འོངས་སྲིད་སྐྱོང་གི་ལས་ཀ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་དང་། ཡང་ཁོང་གིས་སྒེར་གྱི་གནས་སྟངས་དང་ཕྱོགས་ཞེན་གྱི་ཐོག་ནས་མ་ཡིན་པར་ངའི་ལས་དོན་གྱི་ནུས་པར་ཡིད་ཆེས་ཡོད་པའི་ཐོག་ནས་ང་ལ་འོས་ཤོག་འཕེན་རོགས་ཅེས་ནན་བརྗོད་གནང་འདུག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་ཀྱི་སྲིད་སྐྱོང་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་ཡིན་ན། སྲིད་སྐྱོང་ཞིག་ཡིན་པའི་ངོས་ནས་བོད་ཆོལ་གསུམ་མཐུན་སྒྲིལ་ཡོང་ཐབས་སྔར་ལས་ཤུགས་སྣོན་རྒྱབ་རྒྱུ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་། གྲོས་ཚོགས། ཆེས་མཐོའི་ཁྲིམས་ཁང་བཅས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱབ་གནང་རྒྱུ་ཡིན་ལུགས་གསལ་སྟོན་གནང་ཡོད་པ་རེད།
ད་ལྟའི་ཆར་མ་འོངས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུར་དངོས་སུ་གསལ་བསྒྲགས་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། བོད་མིའི་ཚོང་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བཀྲིས་དབང་འདུས་ལགས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་བཅས་འོས་མི་གསུམ་ཡོད་པ་དང་། ད་ལྟའི་ལས་ཐོག་སྲིད་སྐྱོང་མཆོག་གིས་མ་འོངས་སྲིད་སྐྱོང་གི་འོས་མི་ལ་བཞེངས་རྒྱུའི་གསལ་བསྒྲགས་སོགས་ད་བར་གནང་མེད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།