རྒྱ་ནག་གི་གསོ་པ་ཞིག་ལ་འཙོན་འཇུག་གི་ཁྲིམས་ཐག་བཅད་པ།
2008.07.12
༄༅༎ཨ་རིའི་སྲུང་སྐྱོབས་ལས་ཁང་གི་ལས་བྱེད་ཅིག་གིས་འདས་པའི་ལོ་ངོ་ལྔའི་རིང་རྒྱ་ནག་གི་གསོ་པར་ཨ་རིའི་དམག་དོན་གནས་ཚུལ་ཕྱིར་ཚོང་བྱས་པའི་གྱོད་དོན་ཐོག་ཨ་རིའི་ཁྲིམས་ཁས་ནས་བཙོན་འཇུག་ཟླ་བ་༥༧གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། བཙོན་འཇུག་དུས་བཀག་མཇུག་སྒྲིལ་བའི་རྗེས་ད་དུང་སྤྱི་ཚོགས་ཁྲོད་ལོ་གསུམ་རིང་ཉེན་རྟོག་པའི་ལྟ་རྟོག་འོག་གནས་དགོས་པའི་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་ཨ་རིའི་ཁྲིམས་ཁང་ནས་གཟའ་པ་སངས་ཉིན་གོང་ཞུས་ཨ་རིའི་སྲུང་སྐྱོབ་ལས་ཁང་གི་ལས་བྱེད་རང་ལོ་༥༡ལ་སླེབས་པའི་ གེརེག་ལྦི་ལིཡེམ་ སྦར་གར་སེན་ གྱིས་ད་ལོ་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་དམག་དོན་གསང་བ་རྒྱ་ནག་གི་གསོ་པར་ཕྱིར་ཚོང་བྱས་པ་ཁས་ལེན་བྱས་ནས་ད་རེས་ཁྲིམས་ཁང་གིས་འབྲེལ་ཡོད་གྱོད་དོན་བརྟག་དཔྱད་བྱས་ནས་ཁྲིམས་ཞིབ་བྱས་ཏེ་མི་དེས་རྒྱ་ནག་གི་གསོ་པར་ཨ་རིའི་དམག་དོན་གསང་བ་ཕྱིར་ཚོང་བྱས་པའི་ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད་ཡོད་པ་རེད། གོང་ཞུས་ཨ་རིའི་སྲུང་སྐྱོབ་ལས་ཁང་གི་ལས་བྱེད་སྦར་གར་སེན་གྱིས་རྒྱ་ནག་གི་གསོ་པར་ཕྱིར་ཚོང་བྱས་པའི་ཨ་རིའི་དམག་དོན་གསང་བའི་གནས་ཚུལ་མང་ཆེ་བ་ཨ་རིས་ཐེ་དབན་ལ་ཕྱིར་ཚོང་བྱེད་ཡས་ཀྱི་དམག་དོན་གོ་མཚོན་གྱི་སྐོར་ཡིན་པ་དང༌། སྦར་གེར་སེན་ནི་ཨ་རིའི་སྲུང་སྐྱོབ་ལས་ཁང་གི་དམག་དོན་མཚོན་ཆའི་སྲིད་ཇུས་ཉམས་ཞིབ་བྱེད་མཁན་གྱི་ལས་བྱེད་གྲས་ཤིག་ཡིན་པར་བརྟེན་། ཁོ་པར་ཨ་རིའི་དམག་དོན་གྱི་ཆེས་མཐོའི་གསང་བ་ཤེས་རྟོགས་ཐུབ་པའི་གོ་སྐབས་ཡོད་ཅིང༌། ཁོ་པ་ད་ལོ་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་ཚན་རིག་ཚོད་ལྷ་ཁང་གི་རྒྱ་མི་རིགས་ལས་བྱེད་པ་ཨ་རིའི་མི་སེར་ཡིིན་པའི་ཐེ་དབན་གྱི་མི་ཡིན་པ་ཀའོ་ཐལ་ཧྲན་དང་རྒྱ་ནག་གི་མི་ཡིན་པ་ཁང་དབྱུས་ཤིང་གཉིས་འཇུ་བཟུང་བྱེད་པའི་སྐབས་དུས་གཅིག་ཏུ་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད། ཁྲིམས་ཁང་གིས་སྦར་གེར་སེན་ཁྲིམས་ཞིབ་བྱེད་པའི་སྐབས་བསྟན་པའི་ཡིག་ཆ་ཁག་ནང་གསལ་བར། སྦར་གེར་སེན་གྱིས་འབྲེལ་ཡོད་ཨ་རིས་ཐེ་དབན་ལ་ཕྱིར་ཚོང་བྱེད་ཡས་ཀྱི་དམག་དོན་གོ་མཚོན་སྐོར་གྱི་གསང་བའི་ཡིག་ཆ་ཀའོ་ཐལ་ཧྲན་ལ་སྤྲད་པའི་སྐབས་ཡིག་ཆ་དེ་གསང་བའི་ཡིག་ཆ་ཡིན་པའི་སྐོར་གསལ་ཁ་བསྟོན་ཡོད་པ་དང༌། ཡིན་ནའང་ཀའོ་ཐལ་ཧྲན་གྱིས་ཡིག་ཆ་དེ་རྒྱ་ནག་གི་གསོ་པར་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་མེད་པའི་སྐོར་འཁོད་ཡོད་པ་རེད༎