འཕགས་པ་ལགས་བཙོན་བཀྲོལ་བྱུང་བར་ས་གནས་བོད་མིས་དགའ་བསུ།
2015.01.29
རྒྱ་ནག་གིས་མི་ལོ་༧ཙམ་ལ་བཙོན་འཇུག་བྱས་བའི་འཕགས་པ་ལགས་བཙོན་བཀྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་སྐབས་ཕེབས་བསུ་གཟབ་རྒྱས་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། དེ་སྔ་སྤྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གིས་འཇུ་བཟུང་བྱས་བའི་བོད་མི་འཕགས་པ་ལགས་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་མི་ལོ་༡༡གི་དུས་བཀག་ཁྲིམས་ཐག་བཅད་ནས་ད་བར་བཙོན་འཇུག་བྱས་ཡོད་ཀྱང་། ཟླ་བ་འདིའི་ཚེས་༢༢ཉིན་ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐུ་ཞབས་འཕགས་པ་ལགས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་བ་དང་ང་ཚོས་སྤྱི་ཚེས་༢༢དང་༢༣བཅས་བར་དགའ་འབོད་དང་ཁ་བཏགས་བཟུང་ནས་བསུ་མ་བྱས་པ་ཡིན་སྐབས་དེར་ས་གནས་ཡུལ་མི་མང་པོ་འཛོམས་འདུག སྐུ་ཞབས་ཁོང་ལྟ་བུ་ནི་མི་རིགས་ཀྱི་དཔའ་བོ་དང་ཡུལ་སྡེའི་མགོ་རྣ་རེད་ཅེས་ངོ་སྤྲོད་བྱས་ཡོད། ཁོང་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་སྐབས་ཁ་རས་དཀར་པོ་ཞིག་གི་སྟེང་ཀུ་རུ་ཁ་ཁྲམ་རྟགས(x)ནག་པོ་རྒྱབ་ནས་གྱོན་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་དེ་ནི་ཕལ་ཆེར་རྒྱ་ནག་གིས་བཙོན་གྲོལ་སྐབས་གནས་ཚུལ་ཕྱི་ལ་བཤད་མི་ཆོག་པའི་ཁ་ཁྲིམས་བཅད་ཡོད་པ་མིན་འགྲོ་དེ་ལ་གོ་རྒྱུ་ཆེན་པོ་ཡོད་པ་འདྲ་ཟེར།
གནས་ཚུལ་ལྟར་ན་སྐུ་ཞབས་འཕགས་པ་ལགས་དེ་སྔ་༢༠༠༨ལོར་འཇུ་བཟུང་བྱས་བ་དང་། ཁོང་ནི་མདོ་སྨད་རྔ་བ་རྔ་སྨད་ཨ་ལྗོངས་ཡུལ་ཚོ་ནས་ཡིན་པ་དང་། ཁོང་བཙོན་དུས་མ་གཙང་བར་གློད་དཀྲོལ་བྱུང་བའི་རྒྱུ་རྐྱེན་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད།
གསར་འགོད་པ་ཀླུ་འབུམ།