རྒྱ་གར་ཨོ་རི་ས་གཞིས་ཆགས་སུ་བོད་ཀྱི་ཞོ་སྟོན་ལྷ་མོའི་དུས་སྟོན།
2011.02.17
༄༅༎ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་བཙན་བྱོལ་ནང་ཡོད་པའི་ལྷ་མོའི་རུ་ཁག་ཚོའི་ཞོ་སྟོན་ལྷ་མོའི་དུས་སྟོན་ཁ་ས་ནས་བཟུང་འགོ་ཚུགས་ཡོད་འདུག
འདི་ཟླའི་ཚེས་བཅུ་དྲུག་ནས་བཟུང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ལྷ་མོའི་ཚོགས་པ་དང་། བཙན་བྱོལ་བོད་གཞུང་ཟློས་གར་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིགས་འོག་ཞོ་སྟོན་གྱི་དུས་སྟོན་འགོ་ཚུགས་ཡོད་འདུག ཐེངས་འདིའི་དུས་སྟོན་སྐབས་ཕྱོགས་གང་ས་ནས་ལྷ་མོའི་འཁྲབ་སྟོན་པ་༢༣༠ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཁ་སའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་སྔ་འགྱུར་རྙིང་མའི་ནམ་མཁའ་དྲི་མེད་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ཡོད་པ་དང་། མི་མང་སྟོང་ཕྲག་འགའ་ཤས་འདུ་འཛོམས་ཀྱི་དུས་སྟོན་སྐབས་བོད་གཞུང་ཟློས་གར་ཚོགས་པའི་འགོ་འཛིན་བསོད་ནམས་ཆོས་འཕེལ་ལགས་ནས་དུས་སྟོན་ངོ་སྤྲོད་དང་ལྷག་པར་དུ་བོད་མི་ཚོས་བཙན་བྱོལ་ནང་འབྱོར་མ་ཐག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རིག་གཞུང་དང་། ལྷ་མོའི་འཁྲབ་གཞུང་རྣམས་མི་ཉམ་རྒྱུན་འཛིན་ཐུབ་ཐབས་སུ་ཐུགས་འཁུར་ཆེ་བཞེས་གནང་ནས་བོད་ཀྱི་ཟློས་གར་ཚོགས་པ་དམིགས་བསལ་ཆེད་བཙུགས་གནང་སྟངས་དང་། རིམ་བཞིན་བོད་མིའི་འདུ་སྡོད་གང་སར་ལྷ་མོའི་རུ་ཁག་བཙུགས་པ་སོགས་དང་། དེ་བཞིན་ཞོ་སྟོན་ཞེས་དེ་སྔ་བོད་ནང་སྲུང་བརྩི་ཞུ་སྟངས། དེ་ནས་རིམ་པས་རྒྱ་མིས་བོད་བཙན་འཛུལ་བྱས་པ་ནས་བཟུང་བོད་པའི་རིག་གཞུང་ཉམ་རྒུད་ཕྱིན་པ་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་རེད།
བཙན་བྱོལ་ནང་ལོ་ལྟར་ཞོ་སྟོན་གྱི་དུས་སྟོན་སྐབས་བོད་གཞུང་ཟློས་གར་ཚོགས་པ་དང་དེ་བཞིན་རུ་ཁག་འགའ་ཤས་ནས་མཉམ་ཞུགས་ཀྱིས་ལྷ་མོའི་འཁྲབ་གཞུང་འགྲན་བསྡུར་གནང་གི་ཡོད་པ་དང་ད་བར་མང་ཆེ་བ་བཞུགས་སྒར་ཁུལ་ཚུགས་ཡོད་ཀྱང་སྐབས་རེ་བོད་མིའི་འདུ་སྡོད་གཞིས་ཆགས་ཆེ་ཁག་དཔེར་ན་མོན་གོཏ་དང་། ལུགས་བསམ་བསམ་གྲུབ་གླིང་བཅས་པའི་ནང་དུའང་ཚོགས་མྱོང་ཡོད་པ་རེད།