བལ་ཡུལ་སྲིད་བློན་རྒྱ་ནག་ནང་གཟིགས་བསྐོར།
2018.06.22
༄༅༎ བལ་ཡུལ་སྲིད་བློན་ཀེ་པི་་ཤར་མ་་ཨོ་ལི་KP Sharma Oli མཆོག་ད་ལྟ་རྒྱ་ནག་ནང་རྒྱལ་དོན་གཟིགས་བསྐོར་གནང་བཞིན་པ་དང་། སྲིད་བློན་མཆོག་གི་གཟིགས་བསྐོར་གྱི་སྐབས་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་དབར་གྲོས་མཐུན་ཁག་བཅུ་ཙམ་བཞག་ཡོད་པའི་སྐོར་རྒྱ་ནག་གི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
AFP གསར་འགྱུར་ལས་ཁང་གིས་གནས་ཚུལ་ཁག་ལུང་འདྲེན་གྱིས་གསར་འགྱུར་སྤེལ་བཞིན་པའི་ནང་། རྒྱ་ནག་གིས་མདོ་དབུས་མེ་འཁོར་ལྕགས་ལམ་དེ་བཞིན་གཞིས་ཀ་རྩེ་ནས་སྐྱིད་གྲོང་ས་ཁུལ་བརྒྱུད་བལ་ཡུལ་གྱི་ར་སུ་ཝ་Rasuwa ས་ཁུལ་ནས་རྒྱལ་ས་ཀ་ཏ་མན་གྲུའི་བར་འཛུགས་རྒྱུའི་ལས་འཆར་ལ་ཐག་གཅོད་བྱུང་སྐོར་བཀོད་ཡོད་པ་རེད་།
རྒྱ་ནག་གི་སྲིད་བློན་Li Keqiang གིས་རྒྱ་ནག་ངོས་ནས་བལ་ཡུལ་དང་འགྲིམ་འགྲུལ་ཏར་འཕྲིན་བཅས་པའི་འབྲེལ་འཐུད་སླད། གཞུང་ལམ་གསར་རྒྱག་དང་མེ་འཁོར་ལྕགས་ལམ་རྒྱ་སྐྱེད། གཞན་ཡང་དངོས་ཟོག་སྐྱེལ་འདྲེན་སླ་བའི་དགོས་མཁོར་ཚོང་ལམ་དགག་སྒོ་འཛུགས་བསྐྲུན་བྱ་རྒྱུར་གྲ་སྒྲིག་ཡོད་ལུགས་བརྗོད་ཡོད་པ་རེད།
Reuters སོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་། བལ་ཡུལ་དང་རྒྱ་ནག་གཞུང་གཉིས་དབར་གྲོས་མཐུན་ཁག་བཅུ་ཙམ་བཞག་པའི་ནང་། བལ་ཡུལ་དང་རྒྱ་ནག་གཉིས་པོའི་གཞུང་དང་སྒེར་གྱི་ཚོང་དོན་ལས་ཁང་བཅས་ཀྱི་དབར་ཆུ་ཤུགས་གློག་འདོན་ལས་གཞི་དང་། Cement སྟེ་བྷེལ་ལྭ་ས་དང་། དེ་བཞིན་བལ་ཡུལ་གྱི་ས་མཐོའི་སྟེང་དུ་ཤིང་ཏོག་དང་སྔོ་ཚལ་གྱི་ཞིང་རྭ་བཟོ་རྒྱུ་སོགས་ལས་གཞི་རྣམ་གྲངས་མང་པོ་ཞིག་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།