ལྡི་ལིའི་འབར་གས་ལ་དོགས་གཞི་ཡོད་པའི་མི་འཛིན་བཟུང།
2008.09.15
༄༅༎རྒྱ་གར་གྱི་ཉེན་རྟོག་མི་སྣས་ཁ་ས་རེས་གཟའ་ཉི་མ་ཉིན་རྒྱལ་ས་ལྡི་ལིའི་ནང་འབར་གས་ཀྱི་དོན་རྐྱེན་དེར་དོགས་གཞི་ཡོད་པའི་མི་ཁག་གཅིག་འཛིན་བཟུང་བྱས་པའི་སྐོར་གསུང་ཡང་མི་མང་ཚོས་འབར་གས་ཀྱི་དོན་རྐྱེན་དེ་ལན་མང་བྱུང་བཞིན་པ་དེ་བཀག་འགོག་ཐུབ་རྒྱུར་གང་ཡང་བྱེད་མ་ཐུབ་པ་དེར་ཁོང་ཁྲོ་དང་ཡིད་ཐང་ཆད་པའི་རྣམ་འགྱུར་ཐོན་བཞིན་ཡོད་པ་རེད་
རྒྱ་གར་གྱི་ཉེན་རྟོག་མི་སྣས་རྒྱ་གར་གྱི་ཡེ་ཤུའི་སློབ་གྲ་ཞིག་ནས་ཐོན་པ་དང་ཀམ་པིའུ་ཊར་འཕྲུལ་ལས་ཐོག་མཁས་པ་དེ་བཞིན་གཞུང་གིས་དམ་བསྒྲགས་བྱེད་པའི་ཁ་ཆེའི་སློབ་ཕྲུག་ཚོགས་པ་ཞིག་གི་ཚོགས་མི་ ཨབ་རྡུལ་ཁུ་རེ་ཤི་ ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་ཅིང་ ཁོ་པ་ཁ་ཉིན་རྒྱལ་ས་ལྡི་ལིའི་འབར་གས་ཀྱི་དོན་རྐྱེན་དེར་ཐེ་གཏོགས་ཡོད་མཁན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་མ་ཟད་དེ་སྔོན་ཕྱི་ཟླ་༧པའི་ནང་རྒྱ་གར་གྱི་ནུབ་ཕྱོགས་གྲོང་ཁྱེར་ཨེམ་རྡ་སྦའ་རྡེ་ནང་བྱུང་བའི་དོན་རྐྱེན་དེར་ཡང་ཐེ་གཏོགས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་རེད་ དེ་བཞིན་རྒྱ་གར་གྱི་ཉེན་རྟོག་མི་སྣས་ ཁ་ཡ་མུ་རྡིན་ ཞེས་པའི་ཁ་ཆེའི་མི་ཞིག་ཡང་རྩད་གཅོད་བྱེད་བཞིན་ཡོད་པ་རེད་
རྒྱལ་ས་ལྡི་ལིའི་བསྐོར་སྲུང་བའི་མགྲིན་ཚབ་པ་ ར་ཇན་སྦ་གཏེ་ ཡིས་ང་ཚོས་འབར་གས་ཀྱི་དོན་རྐྱེན་དེའི་བྱེད་ལྟེ་རྣམས་འཛིན་བཟུང་ཐུབ་པའི་རེ་བ་ཡོད་ ང་ཚོས་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་ཅེས་གསུང་འདུག ཡིན་ནའང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གོང་ཞུས་བསྐོར་སྲུང་བའི་བཀའ་མོལ་དེར་ཡིད་ཆེས་དེ་ཙམ་གནང་གི་མེད་པ་རེད་ གང་ཡིན་ཞུས་ན་དེ་སྔོན་གྱི་འབར་གས་ཀྱི་དོན་རྐྱེན་ཁག་བྱུང་བའི་རྗེས་དོགས་གཞི་ཡོད་པ་ཁག་འཛིན་བཟུང་བྱས་ཀྱང་འབར་གས་ཀྱི་དོན་རྐྱེན་དེ་མུ་མཐུད་གནས་ཡོད་པ་རེད།