རི་དྭགས་བསད་པའི་དོགས་གཞིའི་འོག་བཀག་ཉར་བྱས་བ།
2015.05.28
ལུང་དམར་ཡུལ་ཚོའི་སྤྱི་བདེ་མངགས་གཏོང་ཁང་གི་འགན་འཛིན་གྱིས་རི་དྭགས་བསད་པའི་དོགས་གཞིའི་འོག་བཀག་ཉར་བྱས་འདུག
དེ་ཡང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དྲིལ་བསྒྲགས་ལས་ཁུངས་ཀྱིས་འདི་ཟླའི་ཚེས་༢༥་ཉིན་གསལ་བསྒྲགས་བྱས་གསལ་ལྟར་ན། ཐེམ་ཆེན་རྫོང་ལུང་དམར་ཤང་སྤྱི་བདེ་མངགས་གཏོང་ཁང་གི་འགན་འཛིན་མ་ཡོང་མེན་གྱིས་ཁྲིམས་འགལ་སྒོ་ནས་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་སྟོང་ལ་འགྲོ་ཉེན་གྱི་རྩ་ཆེའི་རི་དྭགས་རྔོན་བརྒྱབ་ནས་དམར་བསད་བཏང་བ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ལས་གནས་མཚམས་འཇོག་དང་། ཁྲིམས་ལྟར་ཉེས་དོན་བཀག་ཉར་ཟིན་འདུག ད་དུང་གནས་ཚུལ་དེའི་ཐོག་མུ་མཐུད་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཁག་ནང་གནས་ཚུལ་བཀོད་འདུག ཡང་རྒྱ་ནག་གཞུང་འབྲེལ་ཞིང་ཧ་གསར་ལས་ཁང་གིས་འདི་ཟླའི་ཚེས་༢༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། གནས་ཚུལ་དེ་ནི་ས་གནས་མང་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་དང་ཝིས་པོ་ཟིན་བྲིས་སོགས་སྤྱི་ཚོགས་བརྒྱུད་ལམ་ཐོག་ཐེམ་ཆེན་རྫོང་ལུང་དམར་ཤང་སྤྱི་བདེ་མངགས་གཏོང་ཁང་གི་པར་དང་རི་དྭགས་རྩ་ཆེན་དགོ་བ་དང་། རྐྱང། བྱ་གླགས་བསད་པ་སོགས་ཀྱི་འདྲ་པར་ཐོན་པར་བརྟེན་ནས་ས་གནས་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་སོགས་ནས་དེ་མ་ཐག་གནས་ཚུལ་རྩད་གཅོད་དང་རྟོག་ཞིབ་བྱས་ཚུལ་གྱི་གནས་ཚུལ་སྤེལ་ཡོད་པ་རེད། ད་དུང་ཞིང་ཧ་གསར་ལས་ཁང་གིས་བོད་མཐོ་སྒང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་ས་རྒྱ་ཆེ་བ་དང་སྐྱེ་དངོས་སྣ་ཚོགས་ཕུན་སུམ་ཚོགས་པ། རི་སྐྱེས་སྲོག་ཆགས་མང་པོ་འཚོ་གནས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ས་ཁུལ་མང་པ་ཞིག་ཏུ་རི་དྭགས་རྩ་ཆེན་དང་རྩ་སྟོང་འགྲོ་ཉེན་གྱི་རི་སྐྱེས་སྲོག་ཆགས་མང་པོ་ཡོད་སྟབས་མཚོ་སྔོན་ཁུལ་དུ་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་རྒྱག་གི་གནས་ཚུལ་ཡང་མང་པོ་བྱུང་བཞིན་ཡོད་སྐོར་བརྗོད་འདུག
གསར་འགོད་པ་ལྕགས་མོ་འཚོ།