ཇོ་ལེབ་ཟླ་བ་གློད་གྲོལ།
2013.09.30

༄༅༎བོད་ནང་གི་ {དུས་རབས་ཀྱི་ང་}་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཇོ་ལེབ་ཟླ་བ་ལགས་ཕྱི་ལོ་ཉིས་སྟོང་བཅུ་ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་་བྱས་ནས་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༣༠ཉིན་གྱི་ཞོགས་པའི་ཚོུད་༩ཡས་མས་སུ་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ཏེ་སི་ཁྲོན་ཞིང་ཆེན་མེན་ཡང་བཙོན་ཁང་ནས་་གློད་གྲོལ་བཏང་ཡོད་འདུག ཇོ་ལེབ་ཟླ་བ་ལགས་ནི་རྔ་བ་ཁུལ་རྔ་བ་རྫོང་ཇོ་ལེབ་སྡེ་བའི་ལྟག་ཀ་ཚང་གི་བུ་ཡིན་ཞིང་། བཞག་ལྡོམ་བོད་ཡིག་སློབ་འབྲིང་དང་དར་རྩེ་མདོ་དགེ་འོས་སློབ་གྲ་བཅས་ནས་སློབ་ཐོན་ཕྱིན་ཡོད་པ་དང་། ཕྱིས་སུ་རྔ་བའི་གྲོང་སྡེའི་སློབ་གྲ་ཞིག་གི་དགེ་རྒན་གནང་ཞོར་དུ་དུས་རབས་ཀྱི་ང་ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་ཡོད་འདུག ཕྱི་ལོ་ཉིས་སྟོང་དྲུག་ལོར་རྔ་བ་ས་གནས་ནང་བོད་མི་ཚོས་ལྤགས་རིགས་ཀྱི་གྱོན་གོས་མེར་བསྲེགས་གཏོང་སྐབས། ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་ཟླ་བ་གཅིག་ཙམ་རིང་རྔ་བ་རྫོང་དུ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་་གྱི་ཞོགས་པ་རང་ཁྱིམ་ནས་ཉེན་རྟོག་པས་སླར་ཡང་འཇུ་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས་ཡོད་པ་མ་ཟད། ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྔ་བ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྲན་ཏུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཁ་བྲལ་བཏང་མཁན་གྱི་ཉེས་མིང་འོག་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་བར་ཟི་ཁྲོན་ཞིང་ཆེན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་འདུག༎