བལ་ཡུལ་ནང་ཆབ་སྲིད་ཀྱི་རྙོག་ཟིང་ཆེ་རུ་འགྲོ་བཞིན་པ།
2009.06.13
༄༅༎བལ་ཡུལ་ནང་དེང་སྐབས་ཆབ་སྲིད་ཀྱི་དཀའ་རྙོག་ཟིང་ཆེ་རུ་འགྲོ་བཞིན་པ་དེ་ཡིས་ཡུལ་དེའི་བདེ་འཇགས་བརྟན་ལྷིང་ལ་ཉེན་ཁ་ཆེན་པོ་བཟོ་གཞི་ཆགས་ཡོད་སྐོར་བལ་ཡུལ་ནང་ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་རྒྱལ་ཚོགས་ཀྱི་སྐུ་ཚབ་ལས་ཁང་གིས་འདི་ཚེས་བཅུ་གསུམ་ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་མའོའི་དམར་ཤོག་ཚོགས་པའི་གཞུང་འཛིན་དབང་ཆ་ཤོར་བའི་རྗེས་ཚོགས་པ་དེ་ནས་བལ་ཡུལ་ནང་ངོ་རྒོལ་གྱིས་ལས་འགུལ་འདྲ་མིན་སྤེལ་བ་མ་ཟད་སྐབས་རེ་དྲག་ཟིང་གི་རྙོག་ཁྲའང་སློང་བའི་གནས་ཚུལ་ཡང་ནས་ཡང་དུ་ཡོང་གི་ཡོད་པའི་རྒྱུ་མཚན་གྱིས་རིམ་པས་ཆབ་སྲིད་ཚོགས་པ་སོ་སོར་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་དབར་འཁྲུག་འཛིང་གི་ཐུག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་དེ་ལྟར་བྱུང་བ་ཡིན་ན་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་ཚབས་ཆེའི་དོ་ཕོག་ཡོང་རྒྱུ་ཡིན་པར་སོང་ཆབ་སྲིད་ཚོགས་པ་ཁག་གི་དབུ་འཁྲིད་ཚོས་སོ་སོའི་ཁོངས་སུ་གཏོགས་པའི་མི་མང་ཚོར་ལས་འགུལ་ཇི་འདྲ་ཞིག་སྤེལ་ཀྱང་དེ་དག་ཞི་འཇམ་དང་ཁྲིམས་མཐུན་དགོས་པ་མ་ཟད་གཞན་གྱི་རང་དབང་ལའང་གུས་བརྩི་བྱེད་དགོས་པའི་བཀའ་ཁྱབ་ནན་པོ་གཏོང་དགོས་པ་ལས་དེ་ལྟར་མ་བྱས་པ་ཡིན་ཚེ་བལ་ཡུལ་ནང་བསྐྱར་དུ་ཆབ་སྲིད་ཀྱི་རྙོག་ཟིང་ཆེན་པོ་ལངས་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག