ཐེ་དབན་ཕྱོགས་འགལ་ཚོགས་པ་འོས་བསྡུའི་རྒྱལ་ཁ་ཐོབ་པ།
2011.03.06
༄༅༎དེ་རིང་རེས་གཟའ་སྤེན་པའི་ཉིན་ཐེ་དབན་གྱི་འོས་བསྡུའི་ལས་དོན་དེ་ཡིས་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པས་རྒྱ་ནག་གཞུང་དང་མཛའ་གྲོགས་འཛིན་མཁན་གཞུང་འཛིན་གོ་མིང་ཏང་ལ་ཁ་གཏད་བཅག་ཏེ་ཐེ་དབན་རྒྱ་ནག་དང་ཐ་དད་གྱི་ལམ་ཕྱོགས་སུ་བསྐྱོད་རྒྱུའི་གནས་བབ་མཐོ་རུ་ཕྱིན་ཡོད་པ་ངོས་འཛིན་གནང་གི་ཡོད་པ་རེད།
དེ་ཡང་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། འོས་བསྡུའི་ལས་དོན་དེ་ནི་མ་འོངས་པའི་ཕྱི་ལོ་༢༠༡༢ ལོའི་ཐེ་དབན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་མིན་གྱི་གནད་འགག་ཆེན་པོ་ཞིག་ཡིན་པ་དང༌། ད་རེས་ཀྱི་འོས་བསྡུའི་རྒྱལ་ཁ་དེ་ཡིས་ཁོང་ཚོ་དམངས་གཙོ་ཡར་རྒྱས་ཚོགས་པར་མ་འོངས་པའི་སྲིད་འཛིན་གྱི་འོས་བསྡུའི་ནང་འདེངས་ཚོད་ཆེ་རུ་ཕྱིན་ཡོད་ཅེས་དང༌། ད་ལྟའི་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཅོ་ཡིས་དེ་སྔོན་འོས་བསྡུའི་སྐབས་ཁས་ལེན་བྱས་པ་རྣམས་མི་དམངས་ཀྱིས་དགའ་མོས་བྱེད་ཀྱི་མེད་པ་མ་ཟད། དམིགས་བསལ་ད་ལྟའི་གོ་མིང་ཏང་གི་སྲིད་དབང་དེའི་འོག་ལ་ཐེ་དབན་གྱི་གཞོན་སྐྱེས་ཚོར་མདུན་ལམ་གང་ཡང་མཐོང་གི་མེད། དེར་བརྟེན་ནས་ཁོང་གིས་སྣེ་ཁྲིད་པའི་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་ནུས་སྟོབས་ཆེ་རུ་གཏང་རྒྱུ་དང་གྲོས་ཚོགས་ནང་ཁོང་གི་ཚོགས་པའི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། རེས་གཟའ་སྤེན་པའི་འོས་བསྡུའི་ནང་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་ད་དུང་གྲོས་ཚོགས་ཀྱི་འཐུས་མི་༡༡༡ནས་འཐུས་མི་༧༣ གོ་མིང་ཏང་ཡིན་པ་དང༌། ༣༣ དམངས་གཙོ་ཡར་རྒྱས་ཚོགས་པ་དང༌། དེ་འཕྲོས་རྣམས་རང་དབང་ཅན་གྱི་འཐུས་མི་ཡིན་པར་བརྟེན་ནས་ད་དུང་གྲོས་ཚོགས་ནང་གོ་མིང་ཏང་གི་ཚོགས་མི་མང་བའི་ནུས་སྟོབས་ཆེ་བར་གནས་ཡོད་པ་རེད། ཉེ་བའི་དུས་ཚོད་དེའི་ནང་བསམ་ཤོག་བསྡུ་ལེན་ཐེངས་འགའ་ཤས་བྱས་པའི་ནང༌།སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་ཚོང་འབྲེལ་བཙུགས་ཏེ། ༢༠༡༠ནང་ཐེ་དབན་གྱི་ཚོང་ལས་འཕེལ་རྒྱས་བརྒྱ་ཆ་༡༡བྱུང་ཡོད་པ་དེ་ནི་འདས་ཟིན་པའི་མི་ལོ་༢༤ ནང་ཐེ་དབན་གྱི་ཚོང་ལས་འཕེལ་རྒྱས་མགྱོགས་ཤོས་ཡིན་ནའང་སྲིད་འཛིན་མའ་དབྱིང་ཅོ་མ་འོངས་པའི་སྲིད་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྲངས་ཀ་མུ་མཐུད་དམའ་པོར་གནས་ཡོད་པ་བརྟེན། གནས་ཚུལ་དབྱེ་ཞིབ་པས། སྲིད་འཛིན་མའ་དབྱིང་ཅོ་ཡིས་ཐེ་དབན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ཇུས་དེ་ཡིས་མི་དམངས་ཚོར་དོན་དངོས་ཀྱི་ཁེ་ཕན་སྐྲུན་ཐུབ་ཀྱི་མེད་པར་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་གཏོང་གི་ཡོད་པའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།