ཕོ་བྲང་པོ་ཏ་ལའི་མདུན་ངོས་སུ་ས་འོག་འགྲོ་ལམ་བཟོ་བཞིན་པ།
2010.03.20
༄༅༎ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཤར་ནུབ་གཉིས་སུ་ས་འོག་གི་འགྲོ་ལམ་གསར་གཏོད་བྱ་རྒྱུའི་ཆེད་ལས་གཞི་འགོ་བཙུགས་ཏེ་ས་བྲུས་པར་བརྟེན་ས་འོག་ནས་ཆུ་ཤུགས་ཆེ་ཐོན་ཏེ་འཛུགས་སྐྲུན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་པ་མ་ཟད། ཕོ་བྲང་གི་ས་འཁོར་ས་ཆ་ཁག་ཅིག་ནས་སེར་ཁ་གས་ཏེ་ཕོ་བྲང་ལ་ཉེན་ཁ་འཕྲད་ཉེན་ཡོད་པའི་ཛ་དྲག་གནས་སྟངས་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་དམིགས་བསལ་ས་བབས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་མ་བྱས་པར་གང་བྱུང་བོད་ཀྱི་དེ་སྔའི་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པའི་རིག་གཞུང་གཏོར་བརླག་བཏང་དང་གཏོང་བཞིན་པའི་བྱེད་སྟངས་འདི་རིགས་ལ་ས་གནས་བོད་རིགས་དང་མང་ཚོགས་ཚོས་ད་ཆ་སེམས་ཚབས་དང་སྦྲགས་རྒྱ་ནག་གཞུང་གིས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ། དེ་བཞིན་ས་གནས་ཀྱི་གནས་བབས་དང་མི་རིགས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་མི་བྱེད་པའི་ཐལ་དྲགས་པའི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིིན་ཡོད་པ་རེད། ཕོ་བྲང་པོ་ཏ་ལ་ནི། འཛམ་གླིང་གི་རིག་གནས་ཤུལ་བཞག་རིན་ཐང་ཅན་ཞིག་ལ་ཕྱི་ལོ་༡༩༩༤་ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནས་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་གཞག་སྲུང་སྐྱོབ་བྱ་རྒྱུའི་སྤྱི་ཆིངས་ཁོངས་སུ་ཐོ་བཀོད་ཁས་ལེན་གནང་ཡོད་པ་རེད།
འོན་ཀྱང་ད་ཆ་རྒྱ་ནག་གཞུང་གིས་བོད་ནང་དེང་དུས་དང་མཐུན་པའི་གྲོང་ཁྱེར་བསྒྱུར་བཀོད་ཅེས་པར་ཁ་གཡར་ཏེ་བོད་ནང་གི་རིག་གནས་མང་པོ་ཞིག་གཏོར་བཤིག་གཏོང་བཞིན་ཡོད་པ་ལྟར་ཕོ་བྲང་པོ་ཏ་ལའི་གནས་སྟངས་ཀྱང་དེ་ལྟར་ཆགས་ཡོད་ལུགས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་གནང་འདུག།