རིམས་ནད་བཀག་བསྡོམས་ཟླ་བ་བཞི་རྗེས་ཕོ་བྲང་པོ་ཏ་ལ་དང་སྐུ་འབུམ་བྱམས་པ་གླིང་སོགས་མཆོད་མཇལ་བ་དང་ཡུལ་སྐོར་བར་སྒོ་ཕྱེ་ཡོད་འདུག
འདི་ལོའི་ཕྱི་ཟླ་༨པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ། རྒྱ་ནག་གཞུང་གིས་འདས་པའི་ཟླ་ངོ་བཞི་ལྷག་རིང་བོད་ཀྱི་རྒྱལ་ས་ལྷ་ས་དང་། བླ་བྲང་བསང་ཆུ་རྫོང་དང་། ཟི་ལིང་སོགས་ཀྱི་དགོན་སྡེ་ཁག་རིམ་པ་བཞིན་དུས་ཡུན་རིང་པོར་བཀག་བསྡོམས་བྱས་ཡོད་པ་བཞིན། ཕྱི་ཚེས་༡༢ཉིན་ནས་རྒྱ་ནག་གཞུང་འབྲེལ་ངོས་ནས་པོ་བྲང་པོ་ཏ་ལ་དང་བོད་ལྗོངས་བརྟེན་རྫས་ཁང་སོགས་ཡུལ་སྐོར་བར་སྒོ་ཕྱེ་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༤ཉིན་ནས་སྐུ་འབུམ་དགོན་པ་ཡང་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ད་ལྟའི་ཆར་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་ཆེ་བར་རིམས་ནད་བཀག་བསྡོམས་གློད་ཡོད་ཀྱང་། རིམས་ནད་ནད་རྟགས་རིགས་དང་ཆམ་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་པ། བོད་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་གཅིག་ནས་མུ་མཐུད་བརྗོད་དོན། ལྷ་ས་ཡོངས་སུ་སྒོ་ཕྱེ་སྟེ་བཀག་བསྡོམས་གང་ཡང་མེད་པ་དང། ད་ལྟའི་ཆར་ལྷ་སར་ཕྱི་ནས་ཡོང་མཁན་ཚོར་ཡར་ཞུ་དང་ནད་རྟགས་ཡོད་མེད་སོགས་གང་ཡང་སྟོན་མི་དགོས་པ་མ་ཟད། ལྷ་ས་ནས་ས་ཁུལ་གཞན་ལ་འགྲུལ་སྐྱོད་བྱེད་མཁན་ཚོས་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་དང་། ཕྱི་ལ་འགྲོ་སྐྱོད་ཀྱི་ཆོག་མཆན་གང་ཡང་མི་དགོས་པ་བྱས་ཡོད་པ་དང་། གློ་བུར་དུ་ལམ་ལུགས་ལྟ་བུ་གང་ཡང་མེད་པར་བཀག་བསྡོམས་གློད་པ་དེས། རིམས་ནད་ཤུགས་ཆེར་ཁྱབ་རྒྱུའི་འཇིགས་སྣང་ཡོང་གི་ཡོད་པ་དང་། བོད་ནང་གི་ས་ཁུལ་ཁག་ཅིག་ཏུ་ས་གནས་སྨན་ཁང་ནས་ཆམས་རིམས་སྨན་འབོར་ཆེན་ཉོ་བཞིན་ཡོད་པ་དང་། དེ་དག་ཀྱང་འཐུང་སྟངས་འཐུང་ཚུལ་ལ་ལམ་སྟོན་གང་ཡང་མེད་པས་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་ཡིག་ཐོགས་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་འབྲེལ་ངོས་ནས་བཏང་བའི་ཕོ་བྲང་པོ་ཏ་ལ་དང་སྐུ་འབུམ་བྱམས་པ་གླིང་སོགས་སྒོ་ཕྱེ་རྒྱུ་ཡིན་སྐོར་བརྗོད་པ་ཙམ་ལས། སྐུ་འབུམ་བྱམས་པ་གླིང་གི་བརྡ་ཁྱབ་ནང་རིམས་ནད་ལ་ཡིད་གཟབ་དགོས་པ་སོགས་ཀྱི་དྲན་སྐུལ་ཙམ་ཡང་བྱས་མེད་པ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་རིམས་ནད་བཀག་བསྡོམས་གློད་གྲོལ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ད་ནས་བཟུང་རིམས་ནད་རྐྱེན་གྱིས་ཤི་སོང་ན་ཡང་འགན་སོ་སོར་སྒེར་ནས་འཁུར་དགོས་པ་ལས། སྲིད་གཞུང་ལ་འགན་འཁུར་གཅིག་ཀྱང་མེད་སྐོར་བརྗོད་པ། བོད་ནང་གི་བོད་མིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་གཙོས་དགོན་སྡེ་ཁག་འདི་ལོའི་ཕྱི་ཟླ་༨ཚེས་༨་ནས་བཟུང་རིམས་ནད་བཀག་བསྡོམས་དང་འབྲེལ་སྒོ་བརྒྱབ་སྟེ། ད་ལྟའི་བར་ཟླ་ངོ་བཞི་ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་མུ་མཐུད་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་། མི་མང་གི་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་ཤུགས་ཆེར་བྱས་སྟབས་རྒྱ་ནག་གཞུང་འབྲེལ་ངོས་ནས་བཀག་བསྡོམས་གློད་དགོས་བྱུང་ཡོད་ན་ཡང་། ཟླ་འདིའི་ཕྱི་ཚེས་༡༢ཉིན་རྒྱ་ནག་སྔོན་འགོག་གསོ་རིག་མཐུན་ཚོགས་ཀྱི་ནད་ཡམས་ཡན་ལག་ལས་ཁུངས་ཀྱི་རྒྱུན་ལས་དང་དྲུང་ཆེ་གཅིག་ལྕོགས་ལིན་པིང་ལེ་ཞེས་པ་ཞིག་གིས། མ་འོངས་ཟླ་བ་གཉིས་དང་གསུམ་ནང་མང་ཚོགས་ཁྲོད་ཏོག་ནད་ཕོག་མཁན་མང་ཤོས་ཆགས་སྲིད་སྐོར་བརྗོད་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།