ཧིནྡུའི་ཆོས་ལུགས་ཀྱི་དུས་ཆེན་མ་ཧཱ་ཀུམྦ་མེ་ལར་ཆོས་ལུགས་མཐུན་འབྲེལ་གྱི་མཁས་པའི་བགྲོ་གླེང་སྐོང་ཚོགས།
རྒྱ་གར་ཡུ་པི་མངའ་སྡེའི་ནང་གི་ཧིནྡུའི་གནས་ཆེན་པྲ་ཡག་རཇ་ (Prayagraj) ཞེས་པར་ཧིནྡུའི་ཆོས་ལུགས་ཀྱི་དུས་ཆེན་མ་ཧཱ་ཀུམྦ་མེ་ལ་ (Mahakumbh Mela) འཚོག་བཞིན་པ་དང་བསྟུན། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས། ནང་པའི་སྲོལ་རྒྱུན་གྱི་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གིས། ནང་པའི་རིས་མེད་ཀྱི་བླ་ཆེན་རྣམ་པ་དང་། དགེ་འདུན་པ། མཁས་དབང་། སྤྱི་ཚོགས་ཞབས་ཞུ་བ་སོགས་གདན་ཞུ་གནང་སྟེ་ཧིནྡུའི་སྒོམ་ཆེན་དང་། བླ་ཆེན། མཁས་པ་རྣམས་དང་ལྷན་བྱམས་པ་དང་། བརྩེ་བ་། མཐུན་འབྲེལ། འཛམ་གླིང་ཞེ་བདེ་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད་པ་མ་ཟད། ནང་པའི་སྲོལ་རྒྱུན་བཞིན་ཞབས་རིམ་དང་། རིག་གཞུང་གཟིགས་འབུལ་སོགས་ཀྱི་མཛད་སྒོ་གོ་སྒྲིག་ཞུས་ཡོད་འདུག ལས་རིམ་དེ་དག་གོ་སྒྲིག་ཞུ་དོན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་བཞིན་ལྷན་འཛོམས་འདི་བརྒྱུད། བྱམས་བརྩེ་དང་། མཐུན་སྒྲིལ། ཞི་བདེ་སོགས་ཉམས་ལེན་དང་ཁྱབ་སྤེལ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་པ་དང་། ཐེངས་འདིའི་ནང་པ་དང་ཧིནྡུའི་བླ་ཆེན་དབར་གྱི་མཁས་པའི་བགྲོ་གླེང་དང་ཚོགས་འདུའི་ཐོག་ཐུན་མོང་གི་གྲོས་ཆོད་དོན་ཚན་གལ་ཆེན་གསུམ་བཞག་ཐུབ་པ་བྱུང་ཡོད་ཅིང་། དེ་ནང་ནས་གནད་དོན་གལ་ཆེ་ཤོས་ཤིག་ནི། ཐབས་ལམ་སྣ་ཚོགས་སྒོ་ནས་བོད་དོན་བདེན་མཐའ་མྱུར་དུ་སེལ་ཐབས་བྱ་རྒྱུ་དེ་ཡིན་ཞེས། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཆོས་འཕེལ་བཟོད་པ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་མ་ཧཱ་ཀུམྦ་དུས་ཆེན་ཐོག ནུབ་བྷང་གྷལ་མངའ་སྡེའི་ཁུལ་གྱི་ས་ལུ་སྒར་ས་གནས་སུ་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་ནང་པའི་ཤེས་རིག་སློབ་གྲྭའི་སློབ་ཕྲུག་ཚོས་བོད་དང་ཧི་མ་ལ་ཡའི་རིག་གཞུང་འཁྲབ་སྟོན་སོགས་གནང་འདུག་ཅིང་། དེར་ས་གནས་མང་ཚོགས་ནས་དོ་སྣང་དང་དགའ་མོས་ཆེན་པོ་གནང་ཡོད་པ་སློབ་གྲྭའི་བོད་ཡིག་དང་རིག་གཞུང་སློབ་དགེ་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱིར་ཀུམྦ་མེ་ལ་དེ་བཞིན་ས་གནས་པྲ་ཡག་རཇ་དང་། (Prayagraj) ཧ་རིད་ཝར།(Haridwar) ན་ཤིཀ (Nashik) ཨུ་ཇེན། (Ujjain) ས་གནས་མི་འདྲ་བ་བཞིར་རིམ་བཞིན་གོ་སྒྲིག་ཞུ་བཞིན་ཡོད་ལ། མཧཱ་ཀུམ་བྷ་དུས་ཆེན་དེ་ལོ་བཅུ་གཉིས་རེའི་མཚམས་སུ་པྲ་ཡ་གྷ་རཱཇ་ནང་གོ་སྒྲིག་ཞུ་ཡི་ཡོད་ཅིང་། དུས་ཆེན་དེའི་ཐོག་ས་ཕྱོགས་གང་ས་ནས་གནས་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཚོ་བརྒལ་བ་ཡོང་གི་ཡོད་པ་དང་བསྟུན། ཐེངས་འདིའི་མ་ཧཱ་ཀུམྦ་དུས་ཆེན་གྱི་འདུ་འཛོམས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་འདི་ཚེས་ ༥ ནས་ ༧ བར་རྒྱ་གར་ས་གནས་མང་ཚོགས་ཁྲོད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། འཕགས་བོད་དབར་གྱི་ཆོས་དང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར། ལྷག་པར་དུ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་སོགས་མང་ཚོགས་ལ་ངོ་སྤྲོད་ཀྱི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།