བཞུགས་སྒར་རྡ་རམ་ས་ལར་རྡོ་པོ་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ།


2018.11.09
བཞུགས་སྒར་རྡ་རམ་ས་ལར་རྡོ་པོ་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ། རྡོ་པོ་ལགས་ཀྱི་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས།
Photo: RFA

བོད་མདོ་སྨད་ཨ་མདོ་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པའི་རང་ལོ་ ༢༣ སོན་པ་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་གྱུར་བ་ཁོང་གི་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་གྲྭ་མཁན་རིན་པོ་ཆེ་དབུ་ཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་བ་དང་སྲི་ཞུ་ལས་བྱེད་པ། གཞན་ཡང་མི་དམངས་འདུ་འཛོམས་ཀྱི་ཐོག་མཆོད་འབུལ་སྨོན་ལམ་ཞིག་བསྐོང་ཚོགས་གནང་འདུག

རྡོ་པོ་ལགས་འདས་པོ་དེར་མྱ་ངན་གུས་བཏུད་མཚོན་ཆེད་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁང་ཕྱི་དྲོ་ཚོུད་ ༤ པར་ལས་མཚམས་ཀྱང་བཞག་ཡོད་འདུག

བསྔོ་སྨོན་མཆོད་འབུལ་སྐབས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་རྡོ་པོ་ལགས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་བཀའ་ཤག་གི་ཚབ་ཞུས་ནས་ཐུགས་གསོ་ཡོད་པ་གསུངས་ཤིང་། ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལ་གུས་བརྩི་དགོས་པ་དང་། བོད་ཐོག་བཟུང་བའི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་བསྒྱུར་བ་གཏོང་དགོས་པ་གསུངས་འདུག

རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་མདོ་སྨད་རྔ་པ་ཁུལ་རང་ལུས་མེར་བསྲེག་གནང་ཞིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་གིས་རང་ལུས་མེར་སྲེག་སྐབས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག་ཅེས་སྐད་འབོད་གནང་ནས་མཐར་འདས་གྲོངས་སུ་གྱུར་ཡོད་འདུག

དེ་བཞིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེའི་ནང་། རང་ལུས་མེར་བསྲེགས་གནང་མཁན་དེ་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོས་ལེན་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་ལ་རང་དབང་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་རྒྱུན་ཆད་མེད་པར་བཏོན་གནང་ཡོད་ནའང་རྒྱ་གཞུང་གིས་དེ་རྣམས་ལ་བདག་སྤྲོད་ཡ་ལན་རྩ་བ་ནས་མེད་པར་བརྟེན། ད་དུང་ཡང་བོད་མི་རྣམས་ཀྱིས་མུ་མཐུད་རང་ལུས་མེར་བསྲེགས་གཏོང་དགོས་ཆགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་གནད་དོན་འདི་རིགས་ལ་གོ་མེད་ཚོར་མེད་དུ་བསྡད་ན་རྩ་བ་ནས་མི་འགྲིག་པ་འཁོད་ཡོད་པར་མ་ཟད། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཞལ་ཆེམས་དང་གདུང་འབོད། དགོས་འདུན་བཅས་ལ་རྒྱ་ནག་གཞུང་ཕྱོགས་ནས་བདག་སྤྲོད་དགོས་པ་དང་། བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། བོད་རྒྱ་གཉིས་སྨན་གྱི་ཞི་འགྲིག་གྲོས་མོལ་མྱུར་མཐུད་དགོས་སྐོར་གསལ་འདུག

རྡོ་པོ་ལགས་ནི་ ཕྱི་ལོ་༢༠༠༩ ནས་བཟུང་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་སླད་རང་ལུས་མེར་བསྲེགས་གནང་མཁན་ ༡༥༤ པ་དེ་ཡིན་ཞིང་།  རྔ་པ་ཁུལ་ནས་རང་ལུས་མེར་བསྲེགས་པ་ ༤༡ པ་དེ་ཡིན་པ་རེད།  རྡོ་པོ་ལགས་ནི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ཞེས་པ་འབྲོག་པའི་ས་ཁུལ་ནས་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎