ཐའེ་ལྦན་སྲིད་འཛིན་ཟུར་པ་ལ་སྔོན་འགྲོའི་ཁྲིམས་ཞིབ་འགོ་བཙུཌ།
2009.01.18
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པའེན་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཉེས་འཛུགས་བྱས་པ་དེར་རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་ཁྲིམས་ཁང་ནས་སྔོན་འགྲོའི་ཁྲིམས་ཞིབ་འགོ་བཙུགས་བྱ་རྒྱུ་ཡིན་པ་རེད།
དེ་ཡང་རྒྱལ་ས་ཐའེ་ཕེ་ཡི་མངའ་སྡེའི་ཁྲིམས་ཁང་གི་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པའེན་ལ་སྔོན་འགྲོའི་ཁྲིམས་ཞིབ་ཐེངས་གསུམ་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད། སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པའེན་དང་ཁོང་གི་སྐུ་ཟླ་ལྦུའུ་ཧྲུའུ་ཁྲེན་གཉིས་ཀྱིས་སྲིད་འཛིན་གྱི་དམིགས་བསལ་ཐེབས་རྩའི་མ་དངུལ་ནས་ཐའེ་ལྦན་གྱི་ཌོ་ལར་ས་ཡ་བརྒྱ་དང་བཞི་ལྐོག་ཟ་བྱས་པའི་ནག་ཉེས་ཉེས་འཛུགས་བྱས་པ་དེར་ན་ནིང་ཕྱི་ཟླ་བཅུ་གཉིས་ནང་དངོས་སུ་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་་པ་དེའི་ཆེད་དུ་ཁོང་གཉིས་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དང་ད་དུང་ཁོང་གཉིས་ལ་གཞན་གྱི་ནག་ཉེས་ཉེས་འཛུགས་བྱས་པའི་ནང་གཞུང་གི་ས་ཆ་ཚོང་འགྲེམས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་ཨ་རིའི་ཌོ་ལར་ས་ཡ་དགུ་ཙམ་ལྐོག་ངན་ལེན་པ་དང་ད་དུང་ཐེབས་རྩའི་མ་དངུལ་མང་པོ་ཞིག་སྒེར་གྱི་མིང་ཐོག་ནས་སུད་སི་དངུལ་ཁང་ནང་བཅོལ་བའི་ཉེས་པ་བཙུགས་ཡོད་པ་རེད། གཞུང་གི་ཁྲིམས་རྩོད་པ་ཚོས་གསུངས་ན་གལ་ཏེ་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པའེན་ལ་ལྐོག་ས་རུལ་སུངས་ཀྱི་ནག་ཉེས་ཉེས་འཛུགས་བྱས་པ་དེ་དག་ཁྲིམས་ཐོག་ནས་ར་སྤྲོད་ཐུབ་པའི་དཔང་རྟགས་བྱུང་བ་ཡིན་ཚེ་མི་ཚེ་ཕྱེད་ཀ་བཙོན་འཇུག་གི་ཉེས་ཆད་གཏང་རྒྱུ་ཡིན་པ་གསུངས་ཀྱི་ཡོད་ཅིང་ཡིན་ནའང་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པའེན་ངོས་ནས་ཁོང་ལ་ཉེས་པ་གང་ཡང་མེད་པའི་ནན་བརྗོད་གནང་གི་ཡོད་པ་རེད། ད་དུང་སྲིད་འཛིན་ཟུར་པའི་བུ་དང་བོུའི་བཟའ་ཟླ།དེ་བཞིན་ཁོང་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང་གི་སྲིད་འཛིན་ལས་ཁུངས་ཀྱི་ཕྱག་རོགས་དཔོན་རིགས་གསུམ་དང་དེ་མིན་གྱི་ཁོང་གི་ཁྱིམ་ཚང་གི་ནང་མི་བརྒྱད་ལ་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དང་ལག་འབྲེལ་ཡོད་པའི་ཁྲིམས་ཐོག་ནས་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་རེད༎