སྲིད་སྐྱོང་མཆོག་སུད་སིར་འཚམས་གཟིགས་སུ་ཕེབས་པ།
2018.01.21

༄༅༎ཕྱི་ཟླ་༡ཚེས་༢༡ཉིན་སྲིད་སྐྱོང་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་ ༥ པའི་མཇུག་སྡོམ་ཀྱི་མཛད་སྒོར་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་ལ་གསུང་བཤད་གནང་བའི་ནང་གཟའ་མཇུག་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ནས་སོ་སོའི་སྒེར་གྱི་ལས་དོན་མང་དག་ཅིག་ཡོད་བཞིན་དུ་རང་ལས་གཞན་གཅེས་པ་དང་། མ་འོངས་བོད་མིའི་སོན་རྩ་རྣམས་གསོ་སྐྱོང་དོན་དུ་ཆེད་མངགས་དུས་ཚོད་བཏང་ནས་རང་ནུས་གང་ཡོད་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་ཁྲིད་གནང་བཞིན་ཡོད་པ་དེར་བཀའ་ཤག་གི་ཚབ་གནང་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་བྱ་བ་བཟང་པོ་དེ་དག་མུ་མཐུད་རྒྱུན་སྐྱོང་གནང་དགོས་རྒྱུ་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་པ་གསུངས་བཞག
དེ་བཞིན་སྲིད་སྐྱོང་མཆོག་གིས་ བོད་མི་ཚོར་རྩ་དོན་རྩོད་རྒྱུའི་དགོས་དོན་གཙོ་བོ་གཉིས་ཡོད་པ་ནི། དང་པོ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དང་། གཉིས་པ་འགྲོ་བ་མིའི་གཞི་རིམ་གྱི་ཆེ་མཐོང་རྩོད་རྒྱུ་དེ་ཡིན་པ་དང་
ང་ཚོས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་ཆོས་དང་རིག་གཞུང་། སྐད་ཡིག་གསུམ་དེ་གཞི་རྟེན་ཡིན་ཞིང་དེ་དག་མེད་པ་ཡིན་ན་བོད་པ་ཡིན་ཞེས་ཁ་ནས་ཇི་ཙམ་བཤད་ཆོག་ཀྱང་། དོན་དངོས་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་སོགས་གང་ཡང་མི་ཤེས་མཁན་ཞིག་ཆགས་པ་རེད་ཞེས་གསུངས་བཞག
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ རྩ་དོན་རྩོད་པར་མི་རིགས་ཀྱི་ངོ་བོ་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་པ་དང་། གལ་ཏེ་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་མ་ཐུབ་ཚེ་རང་བཙན་དང་རང་སྐྱོང་ཇི་འདྲ་ཞིག་ཐོབ་ཀྱང་སྐབས་དེར་རང་གི་རིག་གཞུང་དང་སྐད་ཡིག་འདི་ཡིན་ཞེས་སྟོན་རྒྱུ་མེད་པ་ཞིག་ཆགས་ན་ཧ་ཅང་ཐབས་སྐྱོ་པོ་དང་ངོ་ཚ་པོ་ཆགས་རྒྱུ་རེད། ང་ཚོའི་བོད་ཕྲུག་རྣམས་ནས་འདབ་གཤོག་གཉིས་ལྡན་ཞིག་ངེས་པར་ཆགས་ཐུབ་པ་དགོས། རྒྱལ་ཁབ་གང་འདྲ་ཞིག་ནང་དུ་རང་ཉིད་མི་ཚེ་སྐྱེལ་བཞིན་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཐོག་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་ལོ་རྒྱུས་སོགས་ཀྱང་ཤེས་མཁན་ཞིག་ངེས་པར་ཆགས་ཐུབ་པ་དགོས་སྐོར་སོགས་གསུངས།། ཡང་སྲིད་སྐྱོང་མཆོག་གིས་ སུད་སི་དང་ལིག་ཏེན་སིཊཡན་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་ ༥ པའིའགྲན་བསྡུར་ཁྲོད་རྩེ་ཕུད་སོན་པ་རྣམས་ལ་བྱ་དགའ་གནང་འདུག།གསར་འགོད་པ་ཚེ་དབང་དངོས་གྲུབ།