ཨ་རི་དང་རྒྱ་ནག་གི་སྲིད་འཛིན་དབར་ཚོུད་གཉིས་ལྷག་རིང་བཀའ་མོལ་གནང་འདུག
ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་གནད་དོན་བཅས་ཀྱི་ཐོག་ནས་རྙོག་གླེང་ཇེ་ཆེར་འགྲོ་བཞིན་པའི་སྐབས་ རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་Biden མཆོག་དང་Xi Jinping རྣམ་གཉིས་དབར་དུས་ཡུན་ཚོུད་༢ཙམ་རིང་དྲ་ཐོག་མཇལ་མོལ་ཐེངས་ལྔ་པ་དེ་གནང་ཡོད་འདུག
དབུ་འཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་འདི་ནི། ཨ་རིའི་སྲིད་འཛིན་སྦཡེ་ཌེན་ མཆོག་ནས་འཛམ་གླིང་ཐོག་རྒྱ་ནག་གི་ཤུགས་རྐྱེན་ལ་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་མཐུན་མོང་གི་གདོང་ལེན་སྤྲོད་རྒྱུའི་ཐབས་ཇུས་བཟུང་བ་དང་ ར་ཤི་ཡས་ཡུགེརེན་ཐོག་དྲག་པོའི་དཔུང་འཇུག་བྱེད་བཞིན་པར་རྒྱ་ནག་གིས་སྐྱོན་བརྗོད་མ་བྱས་པའི་གནས་ཚུལ་དང་། དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་དང་འགྲོ་བ་མིའི་ཐོང་གི་གནད་དོན་བཅས་པར་ཕྱོགས་གཉིས་དབར་འགལ་ཟླའི་རྙོག་གླེང་མང་དག་ཅིག་འབྱུང་བཞིན་པའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་དབར་གྱི་བགྲོ་གླེང་གྲུབ་པའི་རྗེས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། དབུ་ཁྲིད་རྣམ་གཉིས་དབར་ཐེ་ཝན་གྱི་གནད་དོན་ཐད་བཀའ་མོལ་ཐད་ཀར་དང་དྲང་པོ་གནང་ཡོད་པ་བཀོད་འདུག
ཐེ་ཝན་ནི་དེང་སྐབས་ཨ་རི་དང་རྒྱ་ནག་དབར་གྱི་ཟེ་རེག་ཤོས་ཀྱི་གནད་དོན་ཞིག་ཆགས་ཡོད་ཅིང་། ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༨ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་སྲིད་པའི་གནད་དོན་ཐད་རྒྱ་ནག་གི་ངོས་ནས་སྡིག་རའི་གཏམ་བཤད་ཡང་ཡང་བྱེད་བཞིན་ཡོད་པ་རེད།
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་ཞི་ཇིན་པིང་ལ་ཨ་རིའི་ངོས་ནས་ཐེ་ཝན་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་བཏང་མེད་པ་གསུངས་འདུག་ཅིང་། ཨ་རིའི་ཕོ་བྲང་དཀར་པོས་སྤེལ་བའི་བསྒྲགས་གཏམ་གྱི་ནང་། ཨ་རིའི་གཞུང་གིས་ཐེ་ཝན་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད་པ་དང་། ཐེ་ཝན་མཚོ་སྒག་ཕན་ཚུན་གྱི་ད་ལྟའི་གནས་བབས་ལ་ཕྱོགས་གཅིག་ནས་འགྱུར་བ་བཏང་སྟེ། མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པའི་ལས་དོན་ལ་ངོ་རྒོལ་ཡོད་པ་གསལ་བཤད་གནང་པ་བཀོད་འདུག
གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས།
དབུ་ཁྲིད་རྣམ་གཉིས་དབར་ཐེ་ཝན་གྱི་གནད་དོན་ཙམ་མིན་པར། ར་ཤི་ཡས་ཡུཀ་རེན་ཐོག་དམག་འཐབ་བྱེད་བཞིན་པའི་གནད་དོན་དང་། ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐོག་བཀའ་མོལ་གནང་ཡོད་འདུག
རྒྱ་ནག་གཞུང་གིས་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་དང་འབྲེལ་བའི་ཐད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་ཐེ་ཝན་རང་བཙན་གི་གནད་དོན་ལ་བཀུལ་མ་བྱེད་མཁན་ཕྱི་ཕྱོགས་ཀྱི་ཐེ་བྱུས་ལ་ཉེན་བརྡ་བཏང་ཞིང་། གསལ་བསྒྲགས་དེའི་ནང་། སུས་ཀྱང་མེ་དང་རྩེད་མོ་རྩེས་ཀྱང་རང་ཉིད་མེད་པ་ཆགས་རྒྱུ་མ་གཏོགས་མེད་པ་རེད། དེར་བརྟེན་ཨ་རིའི་ངོས་ནས་གནས་ཚུལ་འདི་གསལ་པོར་མཐོང་ཐུབ་རྒྱུར་རེ་བ་ཡོད་ཅེས་བརྗོད་འདུག
ཕྱི་ཚེས་ ༢༨ ཉིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གྱི་དྲ་ཐོག་གི་བགྲོ་གླེང་གྲུབ་རྗེས། ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་John Kirby ལགས་ཀྱིས་ ཨ་རིས་རྒྱ་ནག་དབར་མཐུན་པའི་གཞི་ཡུལ་ཐོག་མཉམ་ལས་ཐུབ་པ་དང་། ཡང་མི་མཐུན་པའི་དཀའ་རྙོག་རང་བཞིན་གྱི་གནད་དོན་ཀྱང་ཡོད་པར་བརྟེན། སྲིད་འཛིན་རྣམ་གཉིས་དབར་དྲ་ཐོག་མཇལ་མོལ་གྱི་རྒྱུད་རིམ་འདིའི་ཐོག་ནས་ སྲིད་འཛིན་Biden མཆོག་གིས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་འབྲེལ་ལམ་གྱི་སྒོ་མོ་མུ་མཐུད་ཕྱེ་དགོས་པའི་དགོངས་པ་བཞེས་ཀྱི་ཡོད་པ་རེད། འདི་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ཐེབས་པའི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་པ་གསུངས་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།