རྒྱ་ནག་དང་ཐའེ་ལྦན་ལོ་རྒྱུས་ཀྱི་འབྲེལ་མཚམས་ཤིག་ཏུ་སླེབས།
2010.04.16
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་རྒྱ་ནག་དང་ཚོང་དོན་འབྲེལ་ལམ་གྱི་སྲིད་བྱུས་འཛིན་པའི་འོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ལོ་རྒྱུས་ཀྱི་འབྲེལ་མཚམས་ཤིག་ཏུ་སླེབས་ཡོད་པའི་སྐོར་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱི་དྲི་བར་ལན་འདེབས་གནང་ཡོད་པ་རེད་ ཡིན་ནའི་ཐའེ་ལྦན་ནང་སྲིད་འཛིན་མའ་དབྱིང་ཇའུ་ཡིས་རྒྱ་ནག་སྐམ་ས་ཆེན་མོ་དང་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་ཟབ་ཏུ་བཏང་བ་དེས་མ་འོངས་ཐའེ་ལྦན་གྱི་ཚོང་འབྲེལ་རང་དབང་ལ་གནོད་འཚེ་ཕོག་རྒྱུ་མ་ཟད་ཐའེ་ལྦན་གྱི་བདག་དབང་གནད་དོན་ཐོག་ལ་ཡང་སེམས་འཚབ་བྱེད་དགོས་ཤིག་ཆགས་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་ཞིག་ཡོད་པ་རེད་ ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་གལ་སྲིད་རྒྱ་ནག་དང་ཐའེ་ལྦན་དབར་ཞི་བའི་གྲོས་མཐུན་རིགས་འཇོག་དགོས་ཚེ་སྔོན་འགྲོའི་ཆ་རྐྱེན་ནི་རྒྱ་ནག་གཞུང་གིས་ཐའེ་ལྦན་ཕྱོགས་སུ་ཁ་གཏད་ནས་འཇོག་བཞིན་པའི་མེ་ཤུགས་འཕུར་མདེལ་ཆིག་སྟོང་ཡོད་པ་རྣམས་ཕྱིར་བསྡུ་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་མངའ་ཁོངས་སུ་བཅུག་རྒྱུའི་འདོད་སེམས་ཡོད་པ་ཁོང་གིས་མཁྱེན་རྟོགས་གསལ་པོ་ཡོད་པའི་ཁར་ཐའེ་ལྦན་གྱི་དཔོན་རིགས་རིམ་པས་དེའི་སྐོར་མཁྱེན་རྟོགས་ཡོད་ཅིང་ཡིན་ནའི་རྒྱ་ནག་གཞུང་གིས་ད་བར་རྒྱ་ནག་གཅིག་ཟེར་བའི་གཞི་རྩ་མུ་མཐུད་ནས་འཛིན་གྱི་ཡོད་པ་དང་ཐའེ་ལྦན་གྱིས་༩༢ལོའི་རྒྱ་ནག་དང་ཐེ་དབན་དབར་གྱི་གྲོས་མཐུན་གཞིར་བཟུང་རྒྱ་ནག་གཅིག་ལ་རང་སོ་སོའི་འདོད་ཚུལ་ཟེར་པའི་གཞི་རྩའི་སྲིད་བྱུས་ལག་བསྟར་གནང་གི་ཡོད་པ་གསུངས་འདུག གཞན་ཡང་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་ཕྱོགས་ནས་ངེས་པར་དུ་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་དེར་འགྱུར་བ་གཏོང་ཐབས་ཀྱིས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དེ་ཁུར་པོ་ནས་མ་རྩར་འགྱུར་ཐབས་དགོས་པ་དང་དེ་ལྟར་ཡོང་རྒྱུར་གལ་འགངས་ཆེ་ཤོས་ནི་རྒྱ་ནག་དང་འབྲེལ་ལམ་བཟང་དུ་བཏང་ནས་ཕྱོགས་གཉིས་དབར་གྱི་ཛ་དྲག་གི་གནས་སྟངས་དེ་ཞི་འཇམ་དུ་གཏོང་ཐབས་དང་དེ་དང་ཕྱོགས་མཚུངས་ཐའེ་ལྦན་གྱིས་ཨ་རི་དང་ཉི་ཧོང་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་དབར་གྱི་འབྲེལ་ལམ་ཡང་ཡར་རྒྱས་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག