སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ།
2013.02.16
བཟང་རྣམ་རྒྱལ་ལགས་ཀྱིས་ རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་དུ་རང་ལུས་མེ་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་ཀྱིས་སྐད་འབོད་བྱེད་བཞིན་ཉེན་རྟོག་ཁང་གི་ཕྱོགས་སུ་བརྒྱུགས་ཡོད་པ་དང་། མེ་འབར་ཤུགས་ཆེ་བས་ཁོང་ས་གནས་དེ་གར་འདས་གྲོངས་སུ་གྱུར་ཡོད་པ་དང༌། ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ ཟླ ༢ ཚེས ༣ བར་ང་ཚོས་ཤེས་རྟོགས་གསལ་པོ་བྱུང་བ་བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༡༠༠ ལྷག་བྱུང་ཡོད་པའི་ཁོངས་ནས་སྐུ་གཤེགས་པ་མི་གྲངས་ ༨༠ ཙམ་ཆགས་ཡོད་ཅིང་ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་ལ། དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་ནས་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད། སྐུ་ཞབས་བློ་བཟང་རྣམ་རྒྱལ་ལགས་ནི། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་དྲིལ་བསྒྲྲགས་སྣ་ཚོགས་དང་བཙོན་འཇུག་བཀག་ཉར་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས་རང་སྲེག་གནང་བ་ཞིག་ཡིན་པས། རྒྱ་གཞུང་གི་འཁྱོག་བཤད་དང་ལྐོག་རྔན་སྤྲོད་ཐབས། མི་མང་བསླུ་ཐབས། དྲིལ་བསྒྲགས་སྣ་མང་སྤེལ་བཞིན་པ་དེ་དག་གིས་བོད་མིི་རྣམས་དུས་ནམ་ཡང་བསླུ་མི་ཐུབ་པའི་རྟགས་མཚན་གསལ་པོ་ཆགས་ཡོད་པས། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལོ་གསར་པ་འདིའི་ནང་རྣམ་དཔྱོད་གསར་པ་ཞིག་བཏོན་ནས། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ཁོང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐབས། ངོ་རྒོལ་དང་། རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། དེ་ལས་ལྡོག་སྟེ་རྒྱུན་ལྡན་བཞིན་ངན་ཁག་ཡོངས་རྫོགས་གཞན་དཀྲིས་བྱས་ཏེ་བསྡད་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མེ་ཡིས་འཚིགས་སྲིད་པས་དེ་དུས་རི་ལུག་ཀྱང་ཐག་པས་མི་འདུམ་ཟེར་བའི་དཔེ་དེ་རྒྱ་གཞུང་ལ་མངོན་དུ་གྱུར་ངེས་ཡིན་ཞེས་དང༌། ཡང་འདི་ཚེས་ ༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་འདུག་པ་བཅས། གང་ལྟར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་དོན་ནི། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་ཐབས་དང་བོད་མི་རྣམས་ལ་རང་དབང་ཐོབ་ཆེད་དུ་ཡིན་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། སྤྱི་ཚོགས་ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་བཞིན་པ་འདིའི་དགོས་དོན་དང་རྒྱབ་ལྗོངས། རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་ཐིལ་ཕྱིན་པ་བྱས་ཏེ། བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མ་ལ་ཐེར་འདོན་ངེས་པར་དུ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག།