དབྱིན་ཇིའི་རྒྱལ་སྲས་ཀྱིས་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་འགུལ་སྐོར།
2009.05.06
༄༅༎དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་གིས་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་གནང་བཞིན་ཡོད་པ་རེད། དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་གིས་བདུན་ཕྲག་དེའི་རེས་གཟའ་མིག་དམར་ཉིན་དྲ་རྒྱ་བརྒྱུད་ནགས་ཚལ་སྲུང་སྐྱོབས་ཀྱི་ལས་འགུལ་སྤེལ་གནང་བ་དང་དེའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གློག་བརྙན་འཁྲབ་སྟོན་པ་ཧེ་རི་སེན་ཕོ་དྲི་སོགས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་ཁག་ཅིག་གིས་ནགས་གསེབ་སྲུང་སྐྱོབ་ཆེད་བཀའ་སློབ་ཀྱི་དུམ་བུ་ཁག་ཅིག་ཕྱོགས་སྒྲིགས་ཀྱིས་གློག་བརྙན་ཁག་ཅིག་ཀྱང་མའེ་སི་པེ་སི་ཞེས་པའི་དྲ་རྒྱ་བརྒྱུད་ཁྱབ་བསྒྲགས་གནང་ཡོད་པ་རེད། དེ་ག་ནང་བཞིན་རྒྱལ་སྲས་ཆའལ་སེ་མཆོག་གི་སྲས་གཉིས་དང་གློག་བརྙན་འཁྲབ་སྟོན་པ་ཌེ་ནི་ཡེལ་ཁེ་རེག་དང་དེ་བཞིན་སྙན་གྲགས་ཅན་གྱི་གཞས་པ་ཇོ་སི་སི་ཀྲོན་བཅས་པས་འཛམ་གླིང་ནང་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་རྒྱུའི་ཆེད་དུ་མ་འོང་པར་གློག་བརྙན་གྱི་ཐོག་ནས་ཁྱབ་བསྒྲགས་གནང་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་སྲས་མཆོག་གིས་གསུང་ན་ང་ཚོའི་དམིགས་ཡུལ་ནི་ཁྱེད་ཚོའི་རོགས་རམ་དང་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་མི་ཡོང་ཆེད་ནགས་གསེབ་སྲུང་སྐྱོབ་བྱེད་དགོས་གལ་ཆེན་པོ་ཡིན་པ་དེ་དྲ་རྒྱ་བརྒྱུད་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་བྱེད་དགོས་ཀྱི་རེད་ཅེས་གསལ་སྟོན་གནང་ཡོད་པ་རེད། དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་ནི་འདས་པའི་དབྱིན་ཇིའི་རྒྱལ་བརྒྱུད་ནང་སྤྱི་ཚོགས་ཀྱི་ལས་དོན་ཆེད་རླུང་འཕྲིན་དང་དྲ་རྒྱ་ཐོག་ལས་འགུལ་ཁྱབ་བསྒྲགས་གནང་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།