ཧོང་ཀོང་དུ་བོད་དོན་གསུང་བཤད་ཅིག་གི་སྐོར།
2009.04.07
༄༅༎བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཞིག་གིས་ཧོང་ཀོང་ནང་བོད་དོན་དང་འབྲེལ་བའི་གསུང་བཤད་ཅིག་གནང་བཞག དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་འགན་འཛིན་ཀེཏ་སོན་ཌར་སི་གྱིས་ཧོང་ཀོང་གི་ཕྱི་རྒྱལ་གྱི་གསར་འགོད་ལས་ཁང་ནང་བོད་ནང་གི་དལྟའི་གནས་སྟངས་གཙོ་བོར་གྱུར་པའི་བོད་དོན་གསུང་བཤད་ཅིག་གནང་བཞག དངོས་འབྲེལ་བྱས་ན་གསུང་བཤད་དེ་བཞིན་བདུན་ཕྲག་གསུམ་ཙམ་གོང་ལ་གནང་རྒྱུ་ཡིན་ཡང་སྐབས་དེ་དུས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་དཀའ་རྙོགས་བཟོས་པ་དང་རྒྱ་ནག་གི་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར་ལན་འདེབས་བྱེད་མཁན་ཞིག་གོ་སྒྲིག་མ་བྱུང་བར་གསུང་བཤད་གནང་རྒྱུ་དེ་བཞིན་གནས་སྐབས་ཕྱི་འགྱངས་བྱེད་དགོས་པའི་ནན་བསྐུལ་རྒྱ་ནག་གིས་ཞུས་དོན་བཞིན་རེས་གཟའ་ཟླ་བ་བར་ཕྱི་འགྱངས་གནང་བ་ཞིག་ཡིན་འདུག རེས་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་འགན་འཛིན་དང་རྒྱ་ནག་གི་སྐུ་ཚབ་ཅིག་གིས་གསུང་བཤད་གནང་རྒྱུ་ཡིན་ཡང་རྒྱ་ནག་གི་སྐུ་ཚབ་ཕེབས་མིན་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་འགན་འཛིན་ཀེཏ་སོན་ཌར་སི་གྱིས་སྔ་ལོ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་རྗེས་དཆ་རྒྱ་མིས་བོད་ནང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་ཐོག་བོད་མི་ཚོའི་གནས་སྟངས་ནི་ཡ་ང་བ་ཞིག་གི་ངང་གནས་ཡོད་ལུགས་འགྲེལ་བརྗོད་གནང་བཞག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་གསུང་བཤད་གནང་རྒྱུའི་ལས་རིམ་ལ་བར་ཆད་གཏོང་རྩིས་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེ་རྒྱལ་སྤྱིའི་མི་མང་ལ་སྦས་སྐུས་བྱེད་ཐབས་བྱེད་བཞིན་པའི་དཔེ་མཚོན་ཞིག་རེད་ཅེས་ཁོང་གིས་གསུང་ཡོད་པ་རེད།