པེ་ཅིང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་སྤེལ་བ།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་ཁང་སྟེང་བོད་རང་བཙན་གྱི་ཡིག་ཆེན་བསྐྱལ་འདུག

2008.08.15

༄༅༎དེ་རིང་སྔ་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཕྱི་རྒྱལ་བ་ལྔས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་ཁང་ སི་སི་ཊི་ལྦི་ ཞེས་པའི་ཁང་པ་ཐོག་རྩེགས་ཀྱི་སྟེང་དུ་འགྲེམས་འཇོག་བྱས་པའི་ཨོ་ལིམ་པིག་རྩེད་འགྲན་གྱི་དྲིལ་བསྒྲགས་ཡིག་བྱང་ཐོག་བོད་རང་བཙན་གྱི་ཡིག་ཆེན་བསྐྱལ་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་རྣམས་རྒྱལ་ས་པེ་ཅིང་ནས་ཕྱིར་འབུད་བྱས་ཡོད་པ་རེད།

དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསུང་ན། ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ རས་དཀར་པོའི་སྟེང་བོད་རང་བཙན་ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་ཏུ་བྲིས་པའི་རས་དར་ཆེན་པོ་ཞིག་བསྐྱལ་ཡོད་པ་དང་དེ་རིང་བར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་ཐེངས་དྲུག་པ་ཡིན་པ་དང༌། དེ་རིང་གི་ལས་འགུལ་སྤེལ་མཁན་ནང་ཨོ་སོ་ཀྲོ་ལི་ཡ་དང་ཁེ་ན་ཌ་ དབྱིན་ཇི་བ་གཅིག་དེ་མིན་གྱི་ཨ་མི་རི་ཀ་བ་གསུམ་བཅས་ཡིན་ཞིང༌། ཁོང་རྣམས་ཀྱིས་དེ་རིང་བོད་རང་བཙན་གྱི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་མིའི་ཉེན་རྟོག་པ་ཡོང་སྟེ་འཛིན་བཟུང་བྱས་ཏེ་ཕྱིར་འབུད་བཏང་ཡོད་པ་རེད། པེ་ཅིང་ཉེན་རྟོག་པའི་གསར་འགོད་ལས་ཁང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་ལྔ་པོས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་སྐོར་ཐུང་ངུ་ཞིག་དྲིལ་བསྒྲགས་བྱས་ཏེ་ཁོང་རྣམས་ཀྱིས་སྤེལ་བའི་བྱ་སྤྱོད་ནི་རྒྱ་ནག་གི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པའི་སྐོར་བཤད་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་ཁང་གི་ཐོག་རྩེགས་སྟེང་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ཐད་རྒྱ་ནག་གཞུང་གིས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་རྒྱང་བསྲིང་བྱ་རྒྱུ་མཚམས་འཇོག་གིས་དངོས་ཡོད་ཀྱི་བདེན་པའི་གནས་ཚུལ་རྣམས་དྲིལ་བསྒྲགས་བྱེད་དགོས་པའི་བརྡ་ལན་སྤྲད་པ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎