བོད་དོན་རྒྱབ་སྐྱོར་བར་རང་ཡུལ་དུ་ཕེབས་བསུའི་སྣེ་ལེན་ཞུས་པ།
2008.08.16
༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་གནང་མཁན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔ་རྒྱ་ནག་ནས་ཕྱིར་སློག་བཏང་བའི་ཁོངས་ནས་ ཁིརི་སི་ཤ་ལྦ་ཛེ་ རང་ཉིད་གནས་སྡོད་བྱ་ཡུལ་མོན་ཏིརོལ་དུ་ཕེབས་སྐབས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་བསུའི་འཚམས་འདྲི་ཞུས་འདུག
གོང་ཞུས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མོ་ལྔ་ནས་གསུམ་ཨ་རི་བ་དང་ གཅིག་འཇར་མན་ གཅིག་ཁེ་ན་ཌན་ཡིན་པ་རེད་
ཁོང་རྣམས་ཀྱི་བོད་ནང་བོད་མིར་དྲག་གནོན་ཚབས་ཆེ་དང་ བོད་མ་མང་པོ་བསད་པ་མཚོན་ཆེད་དུ་སློབ་ཕྲུག་བཞིས་རང་ཉིད་སོ་སོའི་ལུས་པོར་བོད་ཀྱི་རྒྱལ་དར་གཡོག་སྟེ་ཉལ་བསྡད་པ་དང་ སློབ་ཕྲུག་གཅིག་གིས་རྒྱང་བསྒྲགས་ཐོག་བོད་དོན་དྲིལ་བསྒྲགས་ཡུད་ཙམ་གནང་ཐུབ་ཡོད་པ་རེད་ བོད་རང་དབང་སློབ་ཕྲུག་ཚོགས་པའི་བོད་དོན་ལས་འགུལ་གཞི་རྒྱ་ཆེན་པོ་གནང་གི་ཡོད་པ་མ་ཟད་ རྒྱ་ནག་ལྟ་བུའི་ཆེས་དམ་བསྒྲགས་ཆེ་བའི་ཡུལ་དུ་ཡང་ལས་འགུལ་དུ་མ་སྤེལ་ཐུབ་ཡོད་པ་རེད་ དེ་ཡང་སློབ་ཕྲུག་ཚོགས་པའི་ཚོགས་མི་བོད་ནང་འགྲོ་མྱོང་ཡོད་པ་དང་ ལས་འགུལ་ནང་བཞུགས་མྱོང་ཡོད་པ་བུ་མོ་ ཁོ་ཏི་ ཡིས་རང་ཉིད་ཀྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཁྱེར་ཏེ་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལ་ བོད་ནང་བོད་མི་ཚོར་རང་དབང་མེད་པ་དང་ བོད་ཀྱི་རྒྱལ་དར་འཁྱེར་བ་ཡིན་ན་ འཕྲལ་མ་ཉིད་དུ་བཙོན་འཇུག་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་བ་སོགས་ མོན་ཏིརོལ་ག་ཛེཏ་ ཞེས་པའི་ས་གནས་གསར་ཤོག་ནང་གནས་ཚུལ་འཁོད་འདུག