བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས།
2009.10.08
༄༅༎རྒྱ་རིགས་མཁས་དབང་སྐུ་ཞབས་ལྦང་ལི་ཤོན་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་གསོལ་སྩལ་གནང་ཡོད་པ་རེད།
ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་ལྟར་བོད་དོན་གོ་རྟོགས་སླད་རྒྱལ་སྤྱིའི་སྟེང་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་མཁན་གྱི་མི་སྣ་འདེམས་སྒྲུག་གནང་སྟེ་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་འབུལ་སྲོལ་ཡོད་པ་བཞིན་འདི་ལོ་ཉིས་སྟོང་དགུ་ལོའི་གཟེངས་རྟགས་དེ་ཁ་ས་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་གནང་ཡོད་པ་རེད། ཐེངས་འདིའི་གཟེངས་རྟགས་བཞེས་མཁན་གཉིས་ཡོད་པ་ནས་གཅིག་སྔ་ལོ་བོད་ནང་ཞི་རྒོལ་ཆེན་མོའི་ཁྲོད་རྒྱ་ནག་གཞུང་གི་དམ་བསྒྲགས་དང་དྲག་གནོན་བྱེད་པའི་སྐབས་རྒྱ་ནག་གཞུང་ལ་བོད་དོན་གསལ་རྟོགས་ཆེས་ཞུ་གཏུགས་ཀྱི་སྙན་ཞུར་མཚན་རྟགས་བཀོད་མཁན་རྒྱ་རིགས་མཁས་དབང་དང་ཆེས་ལས་མི་སྣ་༣༠༨ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད་གཟེངས་རྟགས་ཕུལ་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་རྟགས་གསོལ་སྩལ་གནང་སྐབས་བོད་དོན་ཆེད་རྒྱ་ནག་གཞུང་ལ་ཞུ་སྙན་ཕུལ་མཁན་རྒྱ་རིགས་ཚོའི་སྐུ་ཚབ་རྒྱ་རིགས་མཁས་དབང་སྐུ་ཞབས་ལྦང་ལི་ཤོན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གུས་བརྩི་ཆེན་པོའི་ཐོག་ནས་གཟེངས་རྟགས་བཞེས་ཡོད་པ་དང་ཆབས་ཅིག་མ་འོང་རྒྱ་ནག་གི་བརྟན་ལྷིང་ཆེད་རྒྱ་ནག་གཞུང་ནས་མི་རིགས་དབྱེ་འབྱེད་བྱ་རྒྱུའི་ཚབ་མི་རིགས་མཐུན་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཤིན་ཏུ་གནད་འགག་ཆེ་བའི་སྐོར་ནན་སྐུལ་གསུང་བཤད་གནང་ཡོད་པ་རེད། དེ་ཡང་སྐུ་ཞབས་ལྦང་ལི་ཤོན་གྱིས་རྒྱ་ནག་གཞུང་གིས་བོད་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་དང་བོད་དང་འབྲེལ་བའི་གནས་ཚུལ་རིགས་ལ་དམ་བསྒྲགས་དང་བཀག་སྡོམ་གྱི་སྲིད་ཇུས་ལ་བརྟེན་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་བོད་ལ་རང་སྐྱོངས་ཀྱི་གནས་བབ་རྩོད་ལེན་གནང་གི་ཡོད་པ་དེ་རྒྱ་ནག་ནང་མང་ཚོགས་ཀྱི་གོ་རྟོགས་དང་མཁྱེན་རྟོགས་མེད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ལ་གོ་རྟོགས་ཀྱི་ཞུ་སྙན་ཕུལ་མཁན་རྒྱ་རིགས་མཁས་དབང་དང་ཆེད་ལས་མི་སྣ་དེ་དག་བོད་དོན་ལ་སེམས་མཁུར་ཆེ་བ་དང་རྒྱ་ནག་ལ་དགའ་ཞེན་མེད་པའི་ལྟ་ཚུལ་བཟུང་སྟེ་དྲག་གནོན་བྱེད་ཀྱི་ཡོད་པ་རེད། ཁོང་རྣམས་ནི་རྒྱ་ནག་ལ་ཤིན་ཏུ་བརྩེ་སེམས་ཆེན་པོ་ཡོད་ཡང་རང་ཡུལ་ལ་བརྩེ་སེམས་ཟེར་དུས་གཞུང་ལ་བརྩེ་སེམས་ཡོད་པ་ཁྱབ་ཀྱི་མེད་ལ་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་པ་ནི་རྒྱ་ནག་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་ཡིན་པ་དང་གཞུང་ག་འདྲ་ཞིག་རུང་སྐྱོན་བརྗོད་ལ་གདོང་ལེན་དང་བཟོད་བསྲན་བྱེད་མི་ཐུབ་ཚེ་དེ་ལྟ་བུའི་གཞུང་གིས་རྒྱལ་ཁབ་ལ་གནོད་འཚེ་གཏོང་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་འདུག།