རྒྱ་ནག་གི་དུས་འཁོར་དབང་ཆེན་གོ་སྒྲིག་ལ་ངོ་རྒོལ་བྱས་འདུག
2016.07.21
རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ཞེས་བས། འདི་ཚེས་༢༡་ཉིན་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དུས་འཁོར་དབང་ཆེན་དབུ་འཛུགས་གནང་གི་ཡོད་པ་དང་བསྟུན། བཞུགས་སྒར་རྡ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་རང་སློབ་ཕྲུག་ཚོགས་པ་བཅས་ཀྱིས། རྒྱ་ནག་གཞུང་གི་བཙན་དབང་བཀོད་ཁྱབ་འོག་རྒྱལ་མཚན་ནོར་བུ་ལགས་ཀྱིས་དུས་འཁོར་དབང་ཆེན་གནང་བཞིན་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་ཀྱི་སེར་སྐྱ་མི་མང་གི་མངོན་འདོད་བཅས་རྩིས་མེད་རྡོག་རོལ་བཏང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་སྡིག་ཉེས་ལ་ངོ་རྒོལ་དང་། ད་ལྟ་སླར་ཡང་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མྱུར་ཏུ་ཀློད་གྲོལ་ཡོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱང་བདེན་པའི་རྒྱབ་རྩར་ལངས་དགོས་པའི་རེ་འབོད་ཀྱི་ལས་འགུལ་སྤེལ་ཞོར་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་བཤམ་པའི་བཞུགས་ཁྲིར་མི་མང་ནས་མཇལ་དར་སྒྲོན་པའི་ལས་འགུལ་སྤེལ་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་། པན་ཆེན་བླ་མས་གཙང་བཀྲ་ཤིས་ལྷུན་པོ་རུ་ཉིན་བཞིའི་རིང་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེ་ཤོས་དེ་བསྡུ་སྐོང་བྱེད་ཀྱིན་ཡོད་པ་དང་། གཞུང་ཕྱོཊ་ནས་སངས་རྒྱས་ཆོས་ལུགས་པ་ཁྲི་ལྔ་ཙམ་འདུ་འཛོམ་བྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པས་དེ་ནི་ལོ་ངོ་༥༠འི་རིང་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་རྒྱ་ནག་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་འདུག
ཡང་གཟའ་ཕུར་བུའི་ཉིན་ཧྥ་རན་སིའི་མཉམ་འབྲེལ་གསར་ལས་ཁང་གིས་སྤེལ་བའིོ་གནས་ཚུལ་ནང་། རྒྱ་ནག་གིས་པན་ཆེན་རྒྱལ་མཚན་ནོར་བུ་བེད་སྤྱོད་ཀྱིས་བོད་མིའི་དད་སེམས་འགུག་ཐབས་བྱས་ཏེ། བཙན་བྱོལ་ནང་བཞུགས་པའི་༧ཏཱ་ལའི་བླ་མ་ལས་རྒྱལ་ཐུབ་པ་ཞིག་ཡོང་བའི་དམིགས་འབེན་དང་རེ་བ་བཅངས་བཞིན་ཡོད་པ་རེད་ཅེས་བཀོད་འདུག
སྤྱི་ལོ་༡༩༩༥་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཡབ་ཡུམ་དང་བཅས་བ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ཆོས་ལ་དད་པ་མི་བྱེད་མཁན་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ཀྱི་བླ་སྤྲུལ་མཐོ་ཤོས་ཨང་གཉིས་པར་ངོས་འཛིན་བྱེད་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་ཡང་སྤྲུལ་ཟེར་བ་ཞིག་བསྐོ་བཞག་གིས་བོད་མི་རྣམས་ཀྱི་སེམས་འགུག་ཐབས་བྱེད་བཞིན་ཡོད་ཀྱང་། དེ་ལས་ལྡོག་ཏེ་བོད་མི་མང་ཆེ་བས་རྒྱ་ནག་གཞུང་གི་པཎ་ཆེན་ཞེས་ངོས་ལེན་བྱེད་ཀྱིན་མེད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་ཆོས་ཀྱི་ཉི་མ་ཡབ་ཡུམ་དང་བཅས་བ་ད་བར་གར་ཡོད་དང་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ནས་ལོ་ངོ་༢༡ཕྱིན་ཡོད།
གསར་འགོད་པ་རྡོ་རྗེ་འཚོ།