སུད་སི་མཉམ་སྦྲེལ་རྒྱལ་ཚོགས་མདུན་རྒྱ་ནག་ལ་ངོ་རྒོལ།
2018.11.06
ཕྱི་ཟླ་ ༡༡ ཚེས་ ༦ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ནང་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ པ་དེ་གནང་འགོ་བཙུགས་པ་དང་བསྟུན། མཉམ་སྦྲེལ་རྒྱལ་ཚོགས་མདུན་བོད་པ་དང་། ཡུ་གུར་ཁ་ཆེ། ལྷོ་སོག་པོ། དེ་བཞིན་ཐེ་ཝན་དང་། ཝིཡེཏ་ནམ་མི་རིགས་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག
ལས་འགུལ་དེ་བཞིན་གཙོ་བོ་ཡུ་གུར་ཁ་ཆེ་མི་རིགས་སྟོང་ཕྲག་མང་པོ་རྒྱ་ནག་གི་སློབ་གསོའི་རྭ་བའི་ནང་བཅུག་ཡོད་པའི་གནད་དོན་དེར་ངོ་རྒོལ་ཀྱི་ཆེད་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཡུ་གུར་བ་སྟོང་ཕྲག་འགའ་ཤས་མཉམ་འཛོམས་ཀྱིས་ལས་འགུལ་དེ་སྤེལ་བ་ཞིག་ཡིན་ཞིང་། དེ་དང་དུས་མཚུངས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་ལས་དོན་སྐབས་འདས་པའི་ལོ་ལྔའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཐན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་ཚབས་ཆེ་བཏང་བའི་གནད་དོན་ཐད་ཚོགས་མིའི་རྒྱལ་ཁབ་ཁག་གིས་ཡིག་ངག་གཉིས་ཐོག་ནས་རྒྱ་ནག་ཐོག་བསྐྱར་ཞིབ་ནན་པོ་ཡོང་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་པ་རེད།
ཕྱི་ཚེས་ ༦ ཉིན་གྱི་ངོ་རྒོལ་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་མི་སྣ་མཉམ་ཞུགས་གནང་ཡོད་ཅིང་། དེ་བཞིན་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་ས་ནས་ཡུ་གུར་མི་རིགས་སྟོང་ཚོ་བརྒལ་བ་ངོ་རྒོལ་དེའི་ཡང་མཉམ་ཞུགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཐན་ནང་ཡུ་གུར་མི་རིགས་ས་ཡ་གཅིག་ལྷག་སློབ་གསོའི་བསྒྱུར་བཀོད་རྭ་བའི་ནང་བཀག་ཉར་བྱེད་བཞིན་པར་ཨ་རི་དང་ཡོ་རོབ་སོགས་ཡུལ་གྲུ་མང་པོས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། ངོ་རྒོལ་སྐབས་གཏམ་བཤད་གནང་མཁན་གྱི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་ཤར་ཏུར་ཀིསྀ་ཐན་གྱི་ཡུ་གུར་མི་རིགས་ཐོག་རྒྱ་ནག་གི་སྡུག་རྩུབ་ཅན་གྱིས་སྲིད་ཇུས་དེའི་ཤུགས་རྐྱེན་གྱིས་ཡུ་གུར་ཁ་ཆེ་ནང་མི་དཀའ་ངལ་མ་འཕྲད་མཁན་གཅིག་ཀྱང་ལྷག་མེད་ཅེས་དང་། རྒྱ་ནག་གཞུང་ལ་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་བྱུང་བའི་གནས་ལུགས་དང་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།