ཐའེ་ལྦན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྔམ་སྟོན་ཁྲོམ་བསྐོར།
2012.04.16
༄༅༎ཐའེ་ལྦན་ཐའོ་ཡོན་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་བོད་མི་ཁག་ཅིག་གིས་མ་སྐུལ་དང་བླངས་ཀྱིས་རེ་སྐུལ་གནང་བ་ལྟར། ཐའེ་ལྦན་དུ་གནས་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་ཏེ་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཐའེ་ལྦན་ཐའོ་ཡོན་གྲོང་ཁྱེར་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྔམ་སྟོན་ཁྲོམ་སྐོར་ཐེངས་དང་པོ་དེ་གནང་འདུག། དེ་ཡང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཁང་གིས་དེ་རིང་ཚེས་༡༦ ཉིན་བཏང་གནས་ལྟར་ན། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་བཞིན་ཡོད་པ་དེ་དག་གི་སྙིང་སྟོབས་ལ་རྗེས་དྲན་དང་། ཁོང་ཚོའི་བྱས་རྗེས་རྒྱ་མི་རིགས་སོགས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་སླད་བོད་དོན་དྲིལ་བསྒྲགས་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་བཞག། ཚེས་༡༤་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཐའོ་ཡོན་རི་ལིའི་བབས་ཚུགས་ཀྱི་མདུན་ཐང་དུ་ཐའེ་ལྦན་དུ་གནས་སྡོད་བོད་མི་དང་ཐེ་ཝན་སློབ་ཕྲུག་ བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མི་གྲངས་སུམ་ཅུ་ཙམ་མཉམ་འཛོམས་གནང་ཡོད་པ་དང་། ཐའེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་ཛ་དྲག་གནས་སྟངས་སྐབས། ཕྱི་རྒྱལ་རང་དབང་ལུང་པར་གནས་པའི་བོད་མི་ཚང་མར་འགན་འཁྲི་ཡོད་པ་ལྟར། ཐའེ་ལྦན་ནང་གནས་སྡོད་གནང་མཁན་བོད་མི་ཚོས་ཀྱང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བར་བསྔགས་བརྗོད་གནང་བཞག། དེ་བཞིན་ཐའེ་ལྦན་གྲོས་ཚོགས་གོ་མིན་ཏང་ཚོགས་པའི་འཐུས་མི་སྐུ་ཞབས་གྲན་ཞོལ་ཧྲེང་ལགས་ཆེད་དུ་ཕེབས་ནས་བོད་མིར་རྒྱབ་སྐྱོར་གྱི་གསུང་བཤད་གནང་བཞག། གཞན་ཡང་རྒྱུན་དུ་བོད་མིར་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ལྦོང་ཧྲེ་ཅེ་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་བཅས་ནས་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་ཆུ་ཚོད་གཉིས་ལྷག་ཙམ་ཐའོ་ཡོན་གྲོང་ཁྱེར་གྱི་མི་ཚོགས་མང་བའི་གཞུང་ལམ་ཐོག་བོད་ཀྱི་རྒྱལ་དར་དང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་འདྲ་པར། འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བཅས་ཁྱེར་ཏེ་བོད་དོན་དྲིལ་བསྒྲགས་གནང་བཞག།