འབྲོག་པའི་རྩ་ཐང་སྟེང་གང་བྱུང་གཞུང་ལམ་རྒྱག་པར་འདོད་པ་མེད།
2015.04.21

མདོ་སྨད་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་རྩྭ་ས་བཙན་འཕྲོག་གིས་གཞུང་ལམ་རྒྱག་འཆར་ལ་ས་གནས་བོད་མི་ཚོས་མི་འདོད་པའི་ངོ་རྒོལ་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་རིན་ཆེན་སྡེ་བའི་འབྲོག་སའི་རྩྭ་ཐང་གི་ཐོག་གཞུང་ལམ་བསྐྱར་བཟོ་བྱེད་པའི་ལས་གཞི་སྤེལ་འཆར་ལ་ཕྱི་ཟླ་༤ཚེས་༡༠ཉིན་ཙམ་ནས་ས་གནས་བོད་མི་ཚོས་མི་འདོད་པའི་ངོ་རྒོལ་བྱེད་བཞིན་པ་དང་། ས་གནས་བོད་མི་ཞིག་གིས་སྡེ་དམངས་ལྷན་ཁང་དང་ས་གནས་མང་ཚོགས་ཀྱི་ཆོག་མཆན་གང་ཡང་མེད་པར་ཁོང་ཚོས་འདི་ལྟར་རྩྭ་ཐང་སྟེང་གཞུང་ལམ་རྒྱ་བསྐྱེད་བྱེད་བཞིན་པར་ངོ་རྒོལ་ཡོད་ཅེས་བརྗོད་འདུག ད་དུང་ཁོང་གིས་ས་གནས་དེའི་འབྲོག་མང་གིས་ས་སྲུང་ཆེད་ངོ་རྒོལ་བྱས་ནས་ད་བར་ཉིན་གྲངས་བཅུ་ལྷག་ཕྱིན་ཡོད་པ་དང་། གལ་སྲིད་གོང་རིམ་གྱི་ཐག་གཅོད་ལྟར་རྩྭ་ཐང་སྟེང་གཞུང་ལམ་རྒྱ་སྐྱེད་ཀྱི་ལས་འགུལ་མུ་འཐུད་སྤེལ་ཚེ་དུད་ཁྱིམ་ཚང་མར་རྩྭ་སའི་གུན་གསབ་སྤྲོད་དགོས་པ་མ་ཟད། ས་གནས་ཡུལ་མི་༦༨༩ཙམ་ཡོད་པ་ཡོངས་ལ་མ་མཐའི་འཚོ་བའི་འགན་སྲུང་དགོས་པའི་རེ་འདུན་བཏོན་བཞིན་ཡོད། འོན་ཀྱང་ད་བར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཚོས་བོད་མིའི་དགོས་འདུན་འགྲུབ་རྒྱུའི་ཚབ་ཏུ་སྡེ་བའི་བོད་མི་རྒན་གྲས་ཁག་གཅིག་ལ་འདྲི་རྩད་དང་འཇིགས་སྐུལ་སོགས་བྱས་ཡོད་པ་འགྲེལ་བརྗོད་བྱས་འདུག
དེ་བཞིན་ཚེས་༡༨ཉིན་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་རིན་ཆེན་སྡེ་བའི་སྡེ་མི་ཞིག་གིས་རྒྱ་ནག་གི་ཝེ་པོ་ལ་སོགས་པ་དྲ་ལམ་འདྲ་མིན་གྱི་ནང་ཡི་གེ་ཞིག་ཁྱབ་སྤེལ་བྱས་ཡོད་པ་དེའི་ནང་། ཉེ་ཆར་སྲིད་གཞུང་གིས་སྤྱི་ལེ་༢ཙམ་ཡོད་པའི་གཞུང་ལམ་ཞིག་སྔོན་གྱི་ལམ་ཕྱོགས་ནས་མ་སོང་བར་། ངེད་ཅག་གི་རྩྭ་ཐང་ཐོག་ལས་རྩིས་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱས་ན་ང་ཚོའི་རྩྭ་ས་མི་ཉུང་བ་ཞིག་ཁ་བྲལ་དང་བཅད་བགོས་པ་ཆགས་རྒྱུ་མ་ཟད། ལྷག་པར་དུ་གལ་ཆེ་བ་ཞིག་ལ་སྡེ་སྨད་ན་རྟག་ཏུ་རྒྱུག་བཞིན་པའི་ཆུ་མགོ་ཅུང་ཆེན་པོ་ཞིག་ཡོད་པ་དེ་ལའང་གནོད་སྐྱོན་ཆེན་པོ་ཐེབས་བཟོར་བརྟེན་རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་སྟབས་བདེ་དང་ལམ་ཆེན་ཇུས་འགོད་ཀྱི་སྲིད་ཇུས་དེ་ངེད་འབྲོག་པའི་རྩྭ་ཐང་གཤག་ནས་བཟོ་འཆར་ཡོད་པ་ནི། དོན་ལ་ངེད་ཅག་འབངས་མིའི་སེམས་ཁོངས་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་དང་། དཔལ་འབྱོར་གྱི་བཀག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས་ཉིན་ཚན་དུས་དྲུག་ཏུ་དེར་གྲུང་ཤ་དོད་པོས་དོགས་ཟོན་གྱིས་ས་སྲུང་བྱས་ནས་ད་བར་ཕལ་ཆེར་ཉིན་མ་ཡང་བཅུ་གྲངས་ཤིག་ཕྱིན་པ་སོགས་འཁོད་འདུག
གསར་འགོད་པ་ཀླུ་འབུམ།