ཐའེ་ལྦན་དུ་རྒྱ་ནག་གི་སྐུ་ཚབ་གྲན་ཡུན་ལིང་ལ་ངོ་རྒོལ།
2009.12.21
༄༅༎ཐའེ་ལྦན་ནང་འཚམས་གཟིགས་སུ་འབྱོར་བ་རྒྱ་ནག་སྐམ་ས་ཆེན་པོའི་ཐའེ་ལྦན་དང་ཞི་མོལ་བྱ་མཁན་གྱི་སྐུ་ཚབ་གཙོ་བོ་གྲན་ཡུན་ལིན་གྱིས་མཚོ་སྒག་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པར་བསྔགས་བརྗོད་བྱས་ཤིང་ཐའེ་ལྦན་ནང་ངོ་རྒོལ་བྱེད་མཁན་ཚོའི་ཐོབ་ཐང་ལ་གུས་བརྩི་ཡོད་ལུགས་བརྗོད་འདུག།
གྲན་ཡུན་ལིན་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གསུམ་པ་ཐཡི་ཆུང་གི་ནང་ཉིན་གྲངས་བཞིའི་རིང་གཙོ་བོ་ཚོང་ལས་ཀྱི་གནད་དོན་ཐད་གྲོས་མོལ་བྱེད་པར་སླེབས་ཤིང་གྲོང་ཁྱེར་དེའི་ནང་དེ་རིང་གཟའ་ཟླ་བའི་ཉིན་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་གདོང་ཐུག་གི་གནས་ཚུལ་བྱུང་འདུག་ཀྱང་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་བྱུང་མེད་པ་ཉེན་རྟོག་མི་སྣས་བརྗོད་འདུག།
གྲན་ཡུན་ལིན་གྱིས་མཚོ་སྒག་ཕན་ཚུན་གྱི་འབྲེལ་ལམ་བཟང་ཕྱོགས་སུ་མུ་འཐུད་མདུན་བསྐྱོད་བྱེད་བཞིན་ཡོད་པ་རེད་ཅེས་དང་འདས་པའི་ལོ་གཅིག་གི་དུས་ཡུན་འདིའི་ནང་ཕྱོགས་གཉིས་འདྲ་མཉམ་གྱི་ངོ་བོའི་ཐོག་ནས་ཕན་ཚུན་མོས་མཐུན་ཡོད་པའི་གནད་དོན་མང་དག་ཅིག་གི་ཐོག་འགྲིག་འཇགས་བྱུང་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ད་དུང་གྲན་ཡུན་ལིང་གིས་ངས་བློ་མཐུན་མང་པོ་ཞིག་གིས་ངའི་འཚམས་གཟིགས་འདིར་ངོ་རྒོལ་བྱེད་ཀྱི་ཡོད་པ་མཐོང་བྱུང་ལ་དེ་བཞིན་དགའ་བསུ་བྱེད་མཁན་ཡང་འདུག་པ་མཐོང་བྱུང་བས་བསམ་ཚུལ་མི་འདྲ་བ་མཐའ་དག་ལ་བརྩི་བཀུར་བྱ་རྒྱུ་ཡིན་ཞེས་ཀྱང་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་གྲན་ཡུན་ལིང་གིས་ཁོ་པར་ངོ་རྒོལ་བྱ་མཁན་ཡོད་པ་ངོས་ལེན་བྱས་པ་འདི་ནི་རྣམ་ཀུན་རྒྱ་མིའི་དཔོན་རིགས་ཚོའི་བྱེད་ཕྱོགས་དང་ཡོངས་སུ་མི་མཐུན་པ་ཞིག་ཡིན་པ་དང་སྤྱིར་བཏང་རྒྱ་མའི་དཔོན་རིགས་ཚོས་ངོ་རྒོལ་བྱེད་མཁན་ཚོར་བཟོད་སྲན་བསྟེན་རྒྱུ་ཕར་ཞོག་ངོ་རྒོལ་བྱ་མཁན་ཡོད་པ་ཙམ་ཡང་ངོས་ལེན་བྱེད་སྲོལ་མེད་པ་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་སྐམ་ས་ཆེན་པོའི་སྐུ་ཚབ་གྲན་ཡུན་ལིང་དང་ཐའེ་ལྦན་གཞུང་གི་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་འཐུད་གནང་མཁན་གྱི་སྐུ་ཚབ་གཙོ་བོ་ཅིཡང་པིན་ཀུང་དབར་གཟའ་མིག་དམར་ཉིན་གྲོས་མོལ་གནང་རྒྱུ་ཡིན་ཞིང་འདི་ནི་སྔ་ལོ་ཕྱི་ཟླ་ལྔ་པའི་ནང་མཱ་ཡིང་ཇོ་ཐའེ་ལྦན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་ཀྱི་གྲོས་མོལ་ཐེངས་བཞི་པ་དེ་ཆགས་རྒྱུ་ཡིན་པ་རེད།
འབྱུང་འགྱུར་གྱི་ཉིན་གྲངས་འགའ་ཤས་ནང་ངོ་རྒོལ་བྱ་མཁན་བསྟུད་མར་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར་ཐའེ་ལྦན་གཞུང་གིས་ཁྱོན་བསྡོམས་ཉེན་རྟོག་པ་ཁྲི་ལྔ་ཙམ་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཆེད་འགྲེམ་འཇོག་བྱས་ཡོད་པ་རེད།
ངོ་རྒོལ་བའི་ཁོངས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཡང་ཡོད་འདུག་ལ་ཕཱ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་བྱེད་མཁན་གྱི་མི་སྣ་ཡང་ཡོད་འདུག། ངོ་རྒོལ་བ་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་བའི་བོད་མི་ཞིག་གིས་གྲན་ཡུན་ལིན་འདི་གར་དུས་ཡུན་ཟླ་བ་གཅིག་རིང་བསྡད་ཀྱང་ང་ཚོའི་ངོས་ནས་ཉིན་ལྟར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག།