བོད་སྨན་ཁང་སྒེར་གྱི་ཁེ་ལས་ངོ་བོར་བསྒྱུར་བར་འདོད་པ་མེད།
2015.05.28

མཚོ་སྔོན་བོད་སྨན་ཁང་དེ་སྒེར་གྱི་ཁེ་ལས་ངོ་བོར་བསྒྱུར་རྩིས་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་པ་རེད།
དེ་ཡང་ཟླ་བ་འདིའི་ཚེས་༢༨ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ནད་པ་གནས་སྡོད་ཐོག་ཁང་གི་རིག་གཞུང་བགྲོ་གླེང་ཚོགས་ཁང་དུ་སྨན་པ་དང་། སྨན་ཞབས་པ་སོགས་ལས་བྱེད་མི་སྣ་བརྒྱ་གྲངས་ལྷག་འཛོམས་ནས། བོད་ཀྱི་སྨན་པ་སྐད་གྲགས་ཅན་ཨ་ཁུ་ཉི་མ་ལགས་གཙོས་ལས་བྱེད་ཚང་མས། མཚོ་སྔོན་བོད་སྨན་ཁང་དེ་ཚོང་ལས་ཚོགས་པ་ཞིག་གི་བསྡུ་ཉོ་བྱས་ནས་སྒེར་གྱི་ཁེ་ལས་ངོ་བོར་བསྒྱུར་རྩིས་ལ་མི་དགའ་བའི་རྣམ་འགྱུར་དང་། དེར་འདོད་པ་མེད་པའི་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་ནས། གཞུང་ལ་ཡར་ཞུ་བྱེད་བཞིན་པའི་པར་དང་ཡིག་ཆ་ཁག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ནའང་། དུས་ཚོད་ཁ་ཤས་ཀྱི་རྗེས་ནས་ཟིན་བྲིས་སོགས་སུ་གནས་ཚུལ་དེའི་སྐོར་གྱི་མིང་རྟགས་བཀོད་པའི་ཡིག་ཆ་དེ་དག་བསུབ་ཚར་ཡོད་པ་རེད།
ཡིག་ཆ་དེའི་ནང་བརྗོད་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་སྤྱི་ལོ་༡༩༨༤ལོར་ཏང་དངསྲིད་གཞུང་གི་རྒྱབ་སྐྱོར་འོག་བཙུགས་པ་ཞིག་ཡིན་པ་དང་། ད་བར་སྨན་ཁང་དེའི་སྨན་བཅོས་མི་སྣས་འབད་བརྩོན་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་མ་ཟད། བོད་མི་རིགས་ཀྱི་གསོ་བ་རིག་པའི་ལས་དོན་ཐད་ལེགས་རྗེས་མི་དམན་པ་བཞག་ཡོད་པས། ད་ལྟ་སྨན་ཁང་དེ་སྒེར་བདག་ངོ་བོའི་ཁེ་ལས་སུ་བསྒྱུར་རྒྱུར་སྨན་ཁང་དེའི་སྨན་བཅོས་མི་སྣ་ཚོར་འདོད་པ་མེད་པ་དང་། དེ་ནི་སྤྱིའི་ལས་ཁུངས་ཧྲང་ཧེ་ན་བཙུགས་ཡོད་པའི་ཨ་རུ་ར་མཚོ་སྔོན་བོད་སྨན་ཚོགས་པ་ཟེར་བས། ཚོང་བ་དང་དཔོན་རིགས་མཉམ་འབྲེལ་གྱིས་ཁོ་ཚོ་ཁོ་ནའི་ཁེ་ཕན་ལ་དམིགས་པ་ཞིག་དང་། ད་བར་ཚོགས་པ་དེའི་མཚོ་སྔོན་བོད་སྨན་ཁང་གི་རྒྱལ་ཁབ་ཀྱི་ཆོག་མཆན་ཡོད་པའི་སྨན་རིགས་བདུན་ཅུ་ལྷག་གི་ཚོང་རྟགས་ཧམ་འཁྱེར་བྱས་ཡོད་པ་སོགས་བརྗོད་ཡོད་འདུག ཡིན་ནའང་དྲ་གནས་ཐོག་མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས་ཚོང་ལས་ཁང་དེ་ངོ་སྤྲོད་བྱས་པའི་ནང་། ཚོགས་པ་དེའི་སྤྱིའི་ལས་ཁུངས་རྒྱ་ནག་ཧྲང་ཧེ་ན་བཙུགས་ཡོད་ཀྱང་། ཚོགས་པ་དེའི་ཚོགས་གཙོ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་ཁྲིད་ནི་སྨན་པ་འབུམ་རབས་པ་དང་། དགེ་རྒན་ཆེན་མོ་ཨ་ཚོགས་ཆེན་ཞེས་བ་ཡིན་པ་བརྗོད་འདུག
གསར་འགོད་པ་ལྕགས་མོ་འཚོ།