བོད་འདམ་གཞུང་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་ཙམ་བརྒྱབ་པ།
2008.10.06
༄༅༎རེས་གཟའ་ཟླ་བའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཚད་མེ་ལེ་ལྔ་བཅུ་ཙམ་གྱི་ནུབ་རྒྱུད་ས་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་དང་ཚག་དྲུག་བྱས་པ་ཞིག་རྒྱབ་ཡོད་པའི་སྐོར་ཨ་རི་དང་རྒྱ་ནག་གི་ས་ཡོམ་རྟོགས་ཞིབ་ཚན་རིག་པ་ཚོས་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་རེད་
མཚན་འདོན་གནང་འདོད་མེད་པའི་བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་མཁན་གྱི་བོད་མི་ཞིག་གིས་རྒྱལ་ས་ལྷ་སའི་ནང་དུའང་ས་ཡོམ་གྱི་གཡོ་འགུལ་གང་ཙམ་ཐེབས་བཞིན་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་
ས་ཡོམ་རྟོགས་ཞིབ་པ་ཚོས་ས་འགུལ་གྱི་འབྱུང་ཁུངས་ཨ་མ་དེ་འདམ་གཞུང་རྫོང་ནང་བྱུང་ཡོད་པ་དང་ས་ཁུལ་དེ་ནི་འབྲོག་སའི་ས་ཁུལ་ཞིག་ཡིན་པས་ས་ཁུལ་དེར་ནམ་རྒྱུན་ནས་མི་འབོར་ཧ་ཅང་ཆེན་པོ་མེད་སྐོར་གསུངས་ཀྱི་ཡོད་པ་དང་ད་ལྟའི་ཆར་ས་ཡོམ་གྱི་ནང་མི་རྒྱུ་གཉིས་ལ་གནོད་འཚེ་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད་