བོད་དུ་ཕག་ནད་དོགས་གཞི་བྱས་པའི་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ།
2009.05.20
༄༅༎ཉེ་ཆར་རྒྱ་ནག་གཞུང་གིས་ཕག་ནད་ཀྱི་ནད་ཡམས་ཕོག་པའི་དོགས་གཞིའི་འོག་དོ་དམ་བྱས་པའི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་རྣམས་ད་ཆ་ཕྱི་ཕྱོགས་སུ་བསྐྱོད་ཆོག་པ་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་མི་གྲངས་ཉི་ཤུ་རྩ་གསུམ་ལས་གྲུབ་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་སྡེ་ཞིག་བལ་ཡུལ་གྱི་ས་མཚམས་བརྒྱུད་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་འབྱོར་བའི་རྗེས་ཚོགས་སྡེ་དེའི་ཁོངས་ནས་ཨི་ཊ་ལིའི་བེུད་ཅིག་ལ་ཚ་བ་ཕྲན་བུ་བྱུང་བ་ཤེས་རྟོགས་བྱུང་སྟེ་ས་གནས་གཞུང་འབྲེལ་ལས་བྱེད་ནས་དེའི་མཉམ་དུ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་ཡོངས་རྫོགས་ས་ཁུལ་དེའི་ཉེ་འགྲམ་གྱི་ཀྲང་མུ་གྲོང་སྡེའི་སྨན་ཁང་ནང་བརྟག་དཔྱད་བྱས་པ་བརྒྱུད་ནད་ཡམས་ཞིབ་འཇུག་ཟུར་འཇོག་ཁྱབ་ཁུངས་ནང་བཞག་ནས་ཕྱི་ཕྱོགས་སུ་སྐྱོད་ཆོག་གི་མེད་པ་རེད། ཕག་ནད་ནད་ཡམས་ཕོག་པའི་དོགས་གཞི་ཡོད་པའི་ཨི་ཊ་ལིའི་བེུད་དེ་ས་གནས་སྨན་ཁང་ནས་རིམ་པས་བརྟག་དཔྱད་བྱས་པའི་རྗེས་ཁོ་མོ་ནམ་དུས་ཀྱི་རྐྱེན་པས་འཆམ་པ་རྒྱབ་སྟེ་ཚ་བ་ཕྲན་བུ་ཕོག་པ་ལས་ཕག་པའི་ཆམ་ནད་ཕོག་མེད་པ་ཤེས་རྟོགས་བྱུང་ནས་དེ་རིང་ཚེས་ཉི་ཤུ་ཉིན་བེུད་དེས་གཙོས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཆ་ཚང་ནད་ཡམས་ཞིབ་དཔྱད་ཟུར་འཇོག་ཁྱབ་ཁོངས་ནས་ཕྱི་ཕྱོགས་སུ་བསྐྱོད་ཆོག་པའི་བཀའ་ཁྱབ་བཏང་ཡོད་པ་རེད་ཅེས་ས་གནས་འཕྲོད་བསྟེན་ལྷན་ཁང་ནས་དེ་རིང་ཕྱི་བསྒྲགས་གནང་ཡོད་པ་རེད། གོང་ཞུས་ཡུལ་སྐོར་སྤྲོ་འཆམ་པ་དེ་རྣམས་ཕག་ནད་ཡམས་ཀྱི་དོགས་གཞིའི་འོག་ཉིན་བཞི་རིང་ཀྲང་མུ་སྨན་ཁང་དུ་ཟུར་འཇོག་བྱས་པའི་རྐྱེན་གྱིས་ཁོང་ཚོ་ཡུལ་སྐོར་དུ་སྐྱོད་རྒྱུར་དེ་སྔའི་འཆར་གཞི་ནས་ཕྱིར་འགྱང་བྱས་ཡོད་པ་རེད།