རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་དེ་གཙང་སེལ་ཐུབ་རྒྱུར་བོད་དེ་གནད་འགག་ཆགས་ཀྱི་ཡོད་པའི་སྐོར།
རྒྱ་གར་གྱི་རྩོམ་པ་པོ་ Rajiv Sikri ཞུ་བ་ཞིག་གིས་དཔེ་དེབ་ཞིག་རྩོམ་བྲིས་གནང་བ་དེའི་ནང་རྒྱ་གར་ངོས་ནས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཟིན་པའི་རྗེས་མ་གཏོགས་རྒྱ་ནག་དང་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་མ་གནང་ན་ལེགས་པའི་དགོངས་ཚུལ་གསུངས་ཡོད་པ་དང་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་དེ་གཙང་སེལ་ཐུབ་རྒྱུར་བོད་དེ་གནད་འགག་ཆགས་ཀྱི་ཡོད་པའི་སྐོར་གསུངས་འདུག རྒྱ་གར་གྱི་ The Print ཞེས་པའི་གསར་ཤོག་དེའི་ནང་ཕྱི་ཚེས་ ༢༦ ཉིན་བཀོད་གསལ་ལྟར།
རྒྱ་གར་གྱི་རྩོམ་པ་པོ་ Rajiv Sikri ཡིས་རྩོམ་བྲིས་གནང་བའི་དཔེ་དེབ་ Strategic Conundrums: Reshaping India s Foreign Policy ཞེས་པ་དེའི་ནང་ཁོང་གིས་རྒྱ་གར་གྱི་སྲུང་སྐྱོབ་ཀྱི་འཐབ་བྱུས་དང་ཕྱི་འབྲེལ་སྲིད་བྱུས་འཛིན་ཕྱོགས་ཀྱི་དཔྱད་གཞིའི་ཐོག་ནས་རྒྱ་གར་གྱི་ད་ལྟ་དང་འབྱུང་འགྱུར་གྱི་ཕྱི་སྲིད་ཐོག་གདོང་ལེན་གནང་དགོས་པའི་གནད་དོན་ཁག་གི་ཐོག་ཞིབ་འཇུག་གནང་ཡོད་པ་རེད་འདུག ཁོང་གི་དཔེ་དེབ་དེའི་ནང་རྒྱ་ནག་གིས་རྒྱ་གར་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་ཐད་གཙོ་བོ་བོད་ཀྱི་གནད་དོན་ཆགས་ཀྱི་ཡོད་པའི་སྐོར་དང་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིས་ཏན་བཙན་བཟུང་བྱས་པ་དེས་རྒྱ་གར་གྱི་སྲུང་སྐྱོབ་ཐོག་ཉེན་འཚབ་བཟོས་ཡོད་པའི་སྐོར་བཀོད་གནང་འདུག དེ་བཞིན་རྩོམ་པ་པོ་ Rajiv Sikri ཡིས་རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་རང་ཉིད་ཀྱི་འདོད་པ་ལྟར་མ་སེལ་བར་དང་ཡང་རྒྱ་ནག་གི་བོད་ཐོག་དབང་བསྒྱུར་བརྟན་པོ་ཞིག་མ་ཆགས་བར་རྒྱ་གར་དང་ས་མཚམས་ཀྱི་དཀའ་རྙོག་དེ་སེལ་རྒྱུ་མིན་པའི་སྐོར་དང་རྒྱུ་མཚན་ནི་རྒྱ་དཀར་ནག་གི་ས་མཚམས་ཀྱི་དཀའ་རྙོག་དེ་བོད་ཀྱི་སྲིད་དོན་གྱི་གནས་བབ་དང་འབྲེལ་བ་ཡོད་པ་དེ་རྒྱ་ནག་གིས་ཤེས་ཀྱི་ཡོད་པའི་སྐོར་བཀོད་གནང་ཡོད་པ་རེད། ཡང་གོང་ཞུས་རྒྱ་གར་གྱི་རྩོམ་པ་པོ་དེས་རྒྱ་ནག་གིས་རྒྱ་གར་གྱི་ Arunachal Pradesh མངའ་སྡེ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བརྗོད་བཞིན་པ་དེ་བོད་དེ་བཞིན་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྲ་བརྟན་བཟོ་ཆེད་བྱས་པ་ཞིག་ཡིན་པའི་སྐོར་དཔེ་དེབ་དེའི་ནང་བཀོད་གནང་ཡོད་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།