རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱིས་བསྒྲགས་གཏམ་སྤེལ་བ།
2015.05.26
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱིས་དོན་ཚན་བཞིན་ཅན་གྱི་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཕྱི་ཚེས་༢༣དང་༢༤བཅས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་India Internationalབསྟི་གནས་ཁང་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐོག་དོན་ཚན་བཞི་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་དང་། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་ནང་། ¬¬བོད་རྒྱལ་ཁབ་ནི་རིག་གནས་དང་ལོ་རྒྱུས། འཛིན་སྐྱོང་གང་ཐད་ནས་རང་དབང་རང་བཙན་གྱི་ངོ་བོར་གནས་པའི་རྒྱལ་ཁབ་ཅིག་ཡིན་ནའང། ༡༩༤༩ཙམ་ནས་རྒྱ་དམར་དྲག་པོའི་གཞུང་གིས་ཧམ་ཟ་བཙན་བཟུང་བྱ་རྒྱུའི་དམིགས་ཡུལ་ངན་པ་བཟུང་སྟེ་རིམ་བཞིན་༡༩༥༡ཟླ་༥ཚེས་༢༣ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་གཞུང་གི་སྐུ་ཚབ་རྣམ་པར་འཇིགས་སྐུལ་དང་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཐོག་ས་རྟགས་འགོད་དུ་བཅུག་པ་
སོགས་༡༩༥༩ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ། ལོ་དེའི་ཟླ་༤ཚེས་༡༨ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་ས་ཆ་ཏི་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་བརྒྱ་ཕྲག་བརྒལ་བར་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པ་དང་། རྒྱ་ནག་གི་བཙན་ཤེད་སྡིག་སྐུལ་འོག་བཞག་པའི་དོན་ཚན་བཅུ་བདུན་ཁས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་སྐོར་སོགས་བོད་དོན་འབྲེལ་བའི་ལོ་རྒྱུས་ཞིབ་ཕྲ་བསྒྲགས་གཏམ་གྱི་སྔོན་གླེང་ནང་བཀོད་གནང་འདུག་ལ་ད་རེས་ཀྱི་ཚོགས་ཆེན་ཐོག་བོད་རང་བཙན་འཐབ་རྩོད་ཀྱི་སྣེ་ཁྲིད་པ་མི་གྲངས་བརྒྱ་ལྷག་འཛོམས་གནང་སྟེ་གྲོས་བསྡུར་ཐག་གཅོད་གནང་བའི་སྙིང་དོན་དང་པོ་རྩ་དོན་གྱི་ལངས་ཕྱོགས་བོད་ཕྱི་ནང་གཉིས་ཀྱི་ན་གཞོན་རྣམས་ལ་བོད་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་བདེན་དོན་རང་དབང་རང་བཙན་རྩོད་པའི་ནུས་ཤུགས་གོང་སྤེལ་བྱ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ། གཉིས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན། གསུམ་པ། བོད་སྤྱི་པའི་རྩ་དོན་ཆེད་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས། བཞི་པ། རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་སུ་ བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་མུ་མཐུད་བོད་རང་དབང་རང་བཙན་སླར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་སྦྲགས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ནས་མཐའ་དོན་བོད་རང་དབང་རང་བཙན་མྱུར་དུ་ཐོབ་ནས་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་འཆར་བ་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།
དེ་འབྲེལ་གྱི་གནས་ཚུལ་ང་ཚོའི་ས་གནས་གསར་འགོད་པ་བསོད་ནམས་སྟོབས་རྒྱལ་གྱིས་ལགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གསན་རོགས།