འབར་མའི་གཞུང་འཛིན་ཚོགས་པར་བསྒྱུར་བཅོས་ཀྱི་གནོན་ཤུཌ།
2012.04.05
༄༅༎ཉེ་ལམ་འབར་མའི་གྲོས་ཚོགས་ཀྱི་བར་བརྒལ་གྱི་འོས་བསྡུ་ནང་ལྕམ་ཨོང་སན་སུའུ་ཆི་མཆོག་གིས་དབུ་འཁྲིད་པའི་ཕྱོགས་འགལ་དམངས་གཙོ་ཚོགས་པར་བར་ཁྱད་ཤིན་ཏུ་ཆེ་བའི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཤུགས་རྐྱེན་འོག་ དྲག་པོའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་བྱས་པའི་གཞུང་འཛིན་ཆབ་སྲིད་ཚོགས་པར་ཆབ་སྲིད་ཀྱི་བསམ་བློ་བསྒྱུར་བཅོས་གཏོང་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་༎
བདུན་ཕྲག་སྔོན་མའི་རེས་གཟའ་ཉིན་མའི་ཉིན་འབར་མའི་གྲོས་ཚོགས་ཀྱི་བར་བརྒལ་འོས་བསྡུའི་ནང་ཨོང་སན་སུའུ་ཆི་ཡིས་དབུ་འཁྲིད་པའི་དམངས་གཙོ་ཚོགས་པར་ གྲོས་ཚོགས་ཀྱི་ཞབས་སྟེགས་༤༥ནས་༤༣གི་རྒྱལ་ཁ་ཐོབ་པ་པ་དང་ ཆབས་ཅིག་དྲག་པོའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་བྱས་པའི་གཞུང་འཛིན་གཅིག་སྒྲིལ་ཡར་རྒྱས་ཚོགས་པར་ ཧང་སང་བའི་འོས་བསྡུའི་ཕམ་ཉེས་ཤོར་བ་དེས་ མང་ཚོགས་ཁྲོད་དམངས་གཙོ་ལྟ་གྲུབ་ལ་འདོད་མོས་ཆེན་པོ་ཡོད་པའི་མངོན་རྟགས་གསལ་པོ་བྱུང་ཡོད་པ་རེད་ ལྕམ་སུའུ་ཆི་མཆོག་གིས་ ཆབ་སྲིད་ཀྱི་ལས་དོན་གཙོ་བོའི་གྲས་སུ་འབར་མའི་གྲོས་ཚོགས་ནང་ས་དམིགས་གསུམ་ཆ་གཅིག་ལྷག་ཙམ་དྲག་པོའི་སྒྲིག་འཛུགས་ལ་ཟུར་བཅད་བྱེད་པའི་ཁྲིམས་གཞི་དེར་བསྐྱར་བཅོས་གནང་རྒྱུ་ཡིན་སྐོར་གསལ་འདོན་གནང་སྟེ་ རྒྱལ་ཁབ་ཀྱི་ཆབ་སྲིད་ནང་དྲག་པོའི་སྒྲིག་འཛུགས་ཀྱིས་ཐེ་ཇུས་བྱེད་པའི་ལམ་སྲོལ་དེར་ཉེན་ཚབས་སྐྱེ་གཞི་བཟོས་ཡོད་པ་རེད་ ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱིས་རྐྱེན་པས་ གཞུང་འཛིན་གཅིག་སྒྲིལ་ཡར་རྒྱས་ཚོགས་པའི་འགོ་ཁྲིད་ནང་དུ་ཡང་ འབྱུང་འགྱུར་༢༠༡༥ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ འདི་ལྟ་བུའི་ཕམ་ཉེས་སྔོན་འགོག་སླད་ ཚོགས་པའི་ངོ་བོར་བསྒྱུར་བཅོས་གཏོང་དགོས་མ་ཟད་ དམངས་གཙོའི་ལྟ་གྲུབ་ལྡན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་སུ་བསྐྱོད་དགོས་པར་ངོས་ལེན་རྒྱ་ཆེར་འགྲོ་བཞིན་ཡོད་འདུག་ འབར་མའི་གཞུང་འཛིན་གཅིག་སྒྲིལ་ཡར་རྒྱས་ཚོགས་པའི་དྲུང་ཆེ་ཧཀྲེ་ཨུ་ཞུ་བས་ ཆབ་སྲིད་ཚོགས་པའི་ངོ་བོའི་བསྒྱུར་བཅོས་གཏོང་དགོས་པ་རེད་ལ་ ཚོགས་པའི་ལས་དོན་དང་སྲིད་ཇུས་ཀྱི་སྐྱོན་ཆའི་རིགས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་ལ་ ཚོགས་པའི་སྲིད་ཇུས་ཇི་འདྲ་ཞིག་ཡིན་རུང་ དེ་དག་མང་ཚོགས་ལ་གསལ་བཤད་དང་གོ་རྟོགས་ཁྱབ་ཆེ་བཟོ་གལ་ཆེ་བ་རེད་ཅེས་ངོས་ལེན་བྱས་འདུག་་༎