བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཞེས་བ་ནི་བླ་སྤྲུལ་ངོས་འཛིན་ལ་ཐེ་ཇུས་རེད་ཟེར།
2020.09.03
རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་དང་འབྲེལ་བའི་འགྲེམ་སྟོན་དང་འཛིན་གྲྭ་ཚོགས་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་དང་འབྲེལ་བའི་འགྲེམ་སྟོན་ཞིག་དང་། སྤྲུལ་སྐུ་གསོ་སྦྱོང་གི་འཛིན་གྲྭ་ཞེས་པ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་འདི་ཚེས་༡་ཉིན་བསྐོང་ཚོགས་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་མུ་མཐུད་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་དང་། མ་འོངས་པར་དམིགས་ཚད་ངེས་ཅན་ཞིག་ལ་དམིགས་ནས་བོད་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་ཆེན་པོ་བྱེད་བཞིན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དེའི་ཐད་ལོ་རྒྱུས་སློབ་དཔོན་དང་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སྙན་ཐར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ཅན་ལ་བསྒྱུར་ཐབས་བྱེད་བཞིན་པ་དེ། གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་དམིགས་བསལ་ཁྱད་ཆོས་ཡང་སྲིད་ལམ་ལུགས་ལ་ཐེ་ཇུས་བྱེད་འདོད་རེད་ཅེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཡང་ཝཱ་ཎ་གཙུག་ལག་མཐོ་སློབ་ཁང་གི་སློབ་དཔོན་ཟུར་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཀྱང་གཅིག་མཚུངས། རྒྱ་ནག་གིས་ཡོད་ཚད་ཀྲུང་གོ་ཅན་ལ་བསྒྱུར་ཐབས་བྱེད་པའི་ལས་འགུལ་དང་བྱ་ཐབས་དེ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཡོད་པ་ཞིག་རེད། ལས་འགུལ་དང་བྱེད་ཐབས་དེ་མི་རིང་བར་ལོ་ཤས་ནང་བོད་ནང་གི་བོད་མིའི་སྤྱི་ཚོགས་དང་བླ་སྤྲུལ་ཁྲོད་སྤེལ་ནས་རིམ་པས་མ་འོངས་བར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ལག་པ་འཆང་འདོད་དང་ཐེ་ཇུས་བྱེད་རྒྱུའི་དམིགས་ཡུལ་ཡིན་པའི་བསམ་ཚུལ་བཏོན་སོང་།
ད་རེས་རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་དང་འབྲེལ་བའི་འགྲེམ་སྟོན་ཞིག་དང་། སྤྲུལ་སྐུ་གསོ་སྦྱོང་གི་འཛིན་གྲྭ་ཞེས་པ་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་། སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་གཞུང་ལས་ཁང་གཉིས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
ཕྱི་ཟླ་ ༨ ་ཚེས་ ༢༨ ་དང་ ༢༩ ་ཉིན་གྲངས་གཉིས་རིང་རྒྱ་ནག་གཞུང་དབུས་གཞུང་གི་བོད་ཀྱི་ལས་དོན་ཐད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཇུག་བསྒྲིལ་གྱི་གཏམ་བཤད་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིང་པིང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་ཤུགས་སྣོན་རྒྱག་དགོས་ལུགས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེང་སྐབས་བོད་དོན་ཐད་བཟུང་བཞིན་པའི་སྲིད་ཇུས་ནི་གཙོ་བོ་བོད་ཀྱི་བླ་སྤྲུལ་རྣམ་པའི་ནུས་པ་ཉམས་ཉེས་གཏོང་རྒྱུ་དང་། ཁོང་ཚོའི་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་བོད་ནང་གི་དགོན་པ་གྲྭ་ཚང་ཡོངས་རྫོགས་ཀྱི་ནང་ལོ་ན་ ༡༨ མ་ཟིན་བར་རབ་བྱུང་ཕོ་མོའི་ངོ་བོའི་ཐོག་ནས་ཆོས་ཞུགས་བྱེད་མི་ཆོག་པ་བཟོས་པ། སློབ་གྲྭ་འགྲིམ་བཞིན་པའི་བུ་ཕྲུག་ཚོ་དགོན་པ་དང་ལྷ་ཁང་སོགས་སུ་མཆོད་མཇལ་ཙམ་དུ་ཡང་འགྲོ་མི་ཆོག་པའི་དམ་དྲག་བྱེད་བཞིན་པ། བོད་ཀྱི་ས་ཁུལ་མང་པོའི་ནང་བོད་ཡིག་ཙམ་མ་གཏོགས་སློབ་ཚན་གཞན་ཡོངས་རྫོགས་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་བཞིན་པ་སོགས་བོད་མི་རིགས་ཀྱི་རིག་གཞུང་། ངོ་བོ་དང་བཅས་པ་རིམ་པས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པར་བོད་ནང་ཡོད་པའི་བོད་མི་ཚོས་སེམས་འཚབ་བྱེད་བཞིན་ཡོད་པ་རེད།
ད་རེས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་དང་། སྤྲུལ་སྐུའི་གསོ་སྦྱོང་འཛིན་གྲྭ་དེ་བཞིན་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགན་འཛིན་ཐེན་ཞང་ལིས་གཙོ་སྐྱོང་བྱས་འདུག་ཅིང་། ཐན་ཞང་ལིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སྲོལ་དང་། ལོ་རྒྱུས་ཀྱི་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་བཅས་ལ་བརྩི་སྲུང་ནན་པོ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྲོལ་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བཀོད་ཁྱབ་བཏང་འདུག