ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཡག་པོ་མེད་པ་ཐེར་འདོན།


2020.06.11
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས། ༢༠༢༠།༦།༡༠ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས། ༢༠༢༠།༦།༡༠
AFP

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་ལོ་༢༠༡༩་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་མཉམ་དུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཡག་པོ་མེད་པ་ཐེར་འདོན་བྱས་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་(Sam Brownback)་ལགས་ཀྱིས། སྤྱི་ཟླ་༦་ཚེས་༡༠་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། ཨ་རིའི་གཞུང་གི་སྤྱི་ལོ་༢༠༡༩་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་མཉམ་དུ།  ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་ཡག་པོ་མེད་པའི་ཐད་ཐུགས་འཚབ་ཡོད་པ་འགྲེལ་བརྗོད་གནང་ཡོད་ལ། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ནང་དངངས་འཚབ་བཟོ་གཞིའི་ལས་དོན་ཁག་མཚམས་འཇོག་བྱས་ནས། རང་དབང་གི་སྒོ་ནས་ཆོས་ལུགས་དད་མོས་བྱ་རྒྱུའི་བོད་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་སྐོར་སྙན་ཐོ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཡིག་ཐོག་བཀའ་ལན་གནང་ནས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ཡོད་པ་རེད།
སྤྱི་ལོ་ ༢༠༡༩ ་ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། བོད་བརྒྱུད་ནང་བསྟན་ལ་རྒྱ་ནག་གཞུང་གིས་དོགས་ཟོན་དང་དམ་དྲག་བྱས་པའི་འོག དེ་སྔ་གྲྭ་པ་ཡིན་པའི་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དང་། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་བྱེད་མཁན་རྣམས་ནག་སེལ་གཤེད་འཇོམས་ཞེས་པའི་མིང་བྱང་འོག་འཛིན་བཟུང་བཙན་ཁྲིད་དང་འབུར་འཇོམས་བྱེད་པའི་ལས་དོན་སྤེལ་བཞིན་ཡོད་པ་མ་ཟད། དུས་ནས་དུས་སུ་རྒྱ་ནག་གཞུང་གི་ལས་བྱེད་དཔོན་རིགས་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འོས་མཚམས་མིན་པའི་མཚན་སྨད་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སོགས་ཀྱི་ཐད་ཐུགས་འཚབ་དང་བཅས་གསལ་སྟོན་གནང་ཡོད་པ་རེད།
སྙན་ཐོ་དེའི་ཐད་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson)་ལགས་ཀྱིས། མ་འོངས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་སྲོལ་རྒྱུན་གྱི་ཐོག་ནས་བོད་མི་ཁོ་ནར་མ་གཏོགས་མེད་པ་བཤད་ཀྱིན་ཡོད་མོད། འོན་ཀྱང་ཨ་རི་དང་རྒྱལ་ཁབ་གཞན་གྱི་གཞུང་ཚོས་དངོས་སུ་བདག་དབང་དེ་སྲུང་སྐྱོབ་བྱེད་རྒྱུར་ནུས་པ་ལྡན་པ་དང་། ཡིད་རྟོན་འཕེལ་བའི་ཐོག་ནས་རྒྱ་ནག་གཞུང་ལ་ཤུགས་རྐྱེན་ག་རེ་བཟོས་ཐུབ་ཡོད་མེད་ཀྱི་ཐོག་བསམ་ཞིབ་དགོས་པ་ནན་བརྗོད་གནང་ཡོད་པ་རེད།
དེ་བཞིན་ཨ་རིའི་གཞུང་གི་༢༠༡༩་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་འཛིན་སྐྱོང་བྱས་པའི་གཞུང་དེས། ནང་པ་དང་། ཁ་ཆེ། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་སོགས་ནི། དམར་ཤོག་ཚོགས་པའི་གཞུང་འཛིན་ལ་ཉེན་ཁ་ཆེན་པོར་བལྟ་བཞིན་ཡོད་པ་བཀོད་ཡོད་ཅིང་། བོད་ལ་མཚོན་ན་དགོན་སྡེ་གྲྭ་ཚང་ཁག་ལ་ཚོད་འཛིན་བྱེད་ཕྱིར་སྲིད་ཇུས་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། དམིགས་བསལ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་ནས་གྲ་ཤག་མང་པོ་གཏོར་བཤིག་དང་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་བ་ཡང་ལུངས་འདྲེན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎