བོད་ནང་ཨེ་ཙི་འགོས་ནད་ཡོད་མཁན་ཇེ་མང་ལ་སོང་འདུག
2014.12.03
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སམ་བོད་དབུས་ཕྱོགས་སུ་ཨེ་ཙིའི་འགོས་ནད་ཅན་གྱི་གྲངས་འབོར་འཕར་ཡོད་པ་བཤད་འདུག
དེ་ཡང་བོད་ལྗོངས་ཀྱི་གནས་འཕྲིན་དྲ་རྒྱས་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ཟླ་༡༡་པའི་ཚེས་༢༨་ཉིན་རང་སྐྱོང་ལྗོངས་ཀྱི་འགོས་ནད་སྔོན་འགོག་འགོ་ཁྲིད་ཚན་པའི་ཚོགས་འདུ་ཞིག་བསྐོང་ཡོད་ཡོད་པ་དང་། སྐབས་དེར་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་ཚན་པའི་འགོ་གཙོ་ཕུར་བུ་སྒྲོལ་མ་ལགས་ཀྱིས་མིག་སྔར་རང་སྐྱོང་ལྗོངས་ཀྱི་ཨེ་ཙེའི་འགོས་ནད་ཀྱི་ནད་པའི་གྲངས་འབོར་ཆེ་རུ་ཕྱིན་པ་དང་། ཉེ་བའི་ལོ་འདི་གའི་ཁྲོད་ཟླ་༡་པའི་ཚེས་༡༡་ཉིན་ཨེ་ཙེའི་ནད་དུག་ཕོག་མཁན་མི་གྲངས་༧༥་ཡོད་ཅེས་ཚོགས་འདུའི་སྟེང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ཁར། ད་ལྟ་ལྗོངས་ཡོངས་སུ་ནད་དུག་སྔོན་འགོག་བྱེད་པའི་ནད་པའི་རིགས་༤༧་ཡོད་པ་དང་། ནད་པ་དེ་ཚོར་དེང་དུས་ཀྱི་མཐུན་རྐྱེན་གང་ཡོང་བྱེད་ཀྱི་ཡོད་པའི་སྐོར་བརྗོད་ཡོད་པ་རེད། ད་དུང་ཁོང་མོས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་༦་དང་། རྫོང་ཁག་༧༤་ལྷག་གི་མི་གྲངས་ཁྲི་གཅིག་ལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་དེ་ཨེ་ཙེའི་ནད་དུག་ཕོག་མཁན་མི་གྲངས་༣་རྩད་ཆོད་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་ཀྱང་། དུས་ཚོད་ག་དུས་བརྟག་དཔྱད་བྱས་ཡོད་མེད་གསལ་པོ་བརྗོད་མེད་པ་རེད།
ཉེ་བའི་༢༠༡༤ལོའི་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱོན་བོད་མི་༦༠ཙམ་ལ་ན་ཚ་དེ་འགོས་ཡོད་པ་གཞུང་འབྲེལ་ཤེས་རྟོགས་བྱུང་བ་གསུངས་འདུག
གཉན་ནད་རེག་དུག་ནི་ཕྱི་ལོ་ ༡༩༨༡ ཟླ་ ༦ ཚེས ༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་ངོས་ཟིན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་ནང་མི་གྲངས་ས་ཡ་ ༦༠ ཙམ་ལ་ན་ཚ་དེ་འགོས་ཡོད་པ་མ་ཟད། མི་གྲངས་ས་ཡ་༣༠ལྷག་འདས་གྲོངས་སུ་གྱུར་འདུག
གསར་འགོད་པ་བསྟན་ནོར།