ཐའེ་ལྦན་གྱི་དམག་སྤྱི་ཟུར་པའི་ཐོག་ཨ་རིས་བློ་འཚབ།
2010.08.30
༄༅༎བར་ལམ་ཞིག་ནས་ཐའེ་ལྦན་གྱི་དམག་སྤྱི་ཟུར་པ་ཁག་དང་རྒྱ་ནག་གཞུང་གི་དཔོན་རིགས་དབར་འབྲེལ་ཐུག་བྱེད་འགོ་ཚུགས་ཡོད་པར་ཨ་མི་རི་ཀས་བློ་འཚབ་གནང་གི་ཡོད་སྐོར་ཐའེ་པེ་ནང་འགྲེམས་སྤེལ་བྱས་པའི་རྒྱ་ནག་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་འདུག། ༢༠༠༨ནས་བཟུང་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་འབྲེལ་བ་བཟང་དུ་ཕྱིན་པའི་གནས་སྟངས་འོག་འདས་པའི་ལོ་ཤས་ནང་
ཐའེ་ལྦན་གྱི་དམག་སྤྱི་ཟུར་པ་ཁག་ཅིག་གིས་རྒྱ་ནག་ནང་ཡང་སེ་ལྟ་སྐོར་ལ་འགྲོ་གི་ཡོད་པའི་གནད་དོན་ཐད་ཨ་མི་རི་ཀས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གོང་ཞུས་གསར་ཤོག་དེའི་ནང་གནས་ཚུལ་བཀོད་ཡོད་ཅིང༌།
ཐའེ་ལྦན་གྱི་དམག་སྤྱི་ཟུར་པ་ཁག་ཅིག་རྒྱ་ནག་ལ་ཡང་སེ་འགྲོ་གི་ཡོད་པ་དེར་ཨ་རིའི་ངོས་ནས་བློ་འཚབ་ཡོད་པ་གསལ་བཏོན་དང་བཅས་། ཐའེ་ལྦན་གྱིས་དེའི་ཐད་འགྲེལ་བཤད་གསལ་པོ་ཞིག་རྒྱབ་པའི་རེ་བ་ཡོད་ཅེས་ཨ་རི་གཞུང་གིས་ཐའེ་ལྦན་གྱི་གཞུང་ཚབ་ཇེ་སེན་ཡུའན་ལ་བརྡ་ལན་གནང་ཡོད་པ་དང༌། དེ་ལྟ་བུའི་འབྲེལ་ལམ་གྱིས་ཨ་རིའི་གཞུང་དང་ཐའེ་ལྦན་དབར་དུས་ཡུན་རིང་པོའི་དམག་དོན་འབྲེལ་ལམ་གྱི་ལས་འཆར་ཁག་ལ་དོ་ཕོག་ཐེབ་སྲིད་རྒྱུ་ཡིན་པར་ཨ་མི་རི་ཀའི་གཞུང་གིས་བློ་འཚབ་གནང་གི་ཡོད་པའི་གནས་ཚུལ་རྒྱ་ནག་དུས་བབ་གསར་ཤོག་ནང་བཀོད་འདུག།
ཐའེ་ལྦན་ཕྱི་འབྲེལ་ལྷན་ཁང་གི་བྱང་ཨ་མི་རི་ཀའི་ལས་དོན་ཚན་པའི་སྤྱི་ཁྱབ་གཞོན་པ་ཁྲེན་ལྦེན་ཡི་ཡིས་ཐའེ་ལྦན་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་ལམ་ཇེ་བཟང་དུ་འགྲོ་གི་ཡོད་པའི་སྐབས་འདིར་ཨ་མི་རི་ཀས་བློ་འཚབ་གསལ་བཏོན་གནང་བ་དེ་ནི་ཧ་གོ་དོན་གསལ་རེད། ཡིན་ནའང་ཐའེ་ལྦན་གྱི་དམག་སྤྱི་ཟུར་པ་ཚོ་རྒྱ་ནག་སྐམ་ས་ཆེན་པོར་ལྟ་སྐོར་ལ་བསྐྱོད་བཞིན་པ་དེ་ཚོ་གཞུང་འབྲེལ་ཐོག་ནས་ཆོག་མཆན་ཐོབ་པ་དེ་འདྲ་མིན་དུས། ཨ་མི་རི་ཀས་བློ་འཚབ་གནང་དགོས་དོན་མེད་སྐོར་འགྲེལ་བརྗོད་བྱས་བཞག།