ཨ་རིའི་གཞུང་གི་དཔོན་རིགས་དང་སྐུ་ཚབ་བོད་ནང་བསྐྱོད་རྒྱུའི་རེ་འདུན་ལ་རྒྱ་ནག་གཞུང་གིས་ཡ་ལན་བྱེད་མེད་པ་བོད་ནང་ཕར་འགྲོ་ཚུར་འོང་དང་འབྲེལ་བའི་སྙན་ཐོའི་ནང་གསལ་སྟོན་བྱས་འདུག
2024.06.08
ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་པའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཞིར་བཟུང་ཨ་རིའི་དཔོན་རིགས་དང་ཕྱི་འབྲེལ་མི་སྣ། གསར་འགོད་པ་སོགས་བོད་ནང་བསྐྱོད་ཕྱོགས་དང་འབྲེལ་ཡོད་གནས་ཚུལ་ཨ་རིའི་གྲོས་ཚོགས་སུ་སྙན་ཐོ་འགོད་འབུལ་དགོས་པ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོ་ཐེངས་དྲུག་པ་ཕུལ་པའི་ནང་། ཨ་རིའི་གཞུང་གི་དཔོན་རིགས་བོད་ནང་བསྐྱོད་རྒྱུའི་རེ་འདུན་ལ་རྒྱ་ནག་གཞུང་གིས་ཡ་ལན་བྱེད་མེད་པ་གསལ་སྟོན་བྱས་འདུག
སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༢༣ ལོར་ཨ་རིའི་དཔོན་རིགས་དང་ཕྱི་འབྲེལ་དཔོན་རིགས། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་བཞིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་སུ་དབྱེས་པའི་བོད་མིའི་འདུ་སྡོད་ས་ཁུལ། དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་ནང་བསྐྱོད་རྒྱུའི་གནས་ཚུལ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ནང་ས་གནས་དེ་ཚོའི་ནང་བསྐྱོད་པ་དང་ཞིབ་བསྡུར་བྱས་ནས་སྙན་ཐོའི་ནང་བཀོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཟླ་ ༦ ཚེས་ ༧ ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༡ ནང་ཏོག་དབྱིབས་རིམ་ནད་ཁྱབ་གདལ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་དེ་མིན་རྒྱ་ནག་ནང་འཛུལ་མཁན་ཚོར་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་པའི་འོག་ཕྱི་རྒྱལ་གྱི་དཔོན་རིགས་དང་། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཀྱི་ས་ཁུལ་གཞན་ནང་བསྐྱོད་རྒྱུའི་ཆ་རྐྱེན་དང་ནུས་པ་དེ་བས་ཆུང་དུ་བཏང་ཡོད་པ་བཀོད་འདུག་ཅིང་། ཕྱི་ལོ་ ༢༠༢༢ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་ཚུད་པའི་རྒྱ་ནག་གིས་དབང་འཛིན་བྱས་པའི་བོད་མིའི་ས་ཁུལ་ཐེ་བའི་རྒྱ་ནག་གི་ཁྱོན་ཡོངས་སུ་དམ་དྲག་མེད་པ་བཟོས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་ཨ་རིའི་ཕྱི་འབྲེལ་དཔོན་རིགས་དང་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་པ་བོད་ནང་དུ་བསྐྱོད་མཁན་ཚོར་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།