རྒྱ་ནག་གིས་གསར་འགོད་པའི་དུས་ཆེན་ཞེས་སྲུང་བརྩི་བྱས་ཀྱང་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་རེད་འདུག

2023.11.10
རྒྱ་ནག་གིས་གསར་འགོད་པའི་དུས་ཆེན་ཞེས་སྲུང་བརྩི་བྱས་ཀྱང་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་རེད་འདུག རྒྱ་ནག་གི་ཉེན་རྟོག་པས་ཤིན་ཅང་གི་(Yining)་ངལ་རྩོལ་སྦྱོང་བརྡར་ཁང་གི་མདུན་ཕྱིའི་གསར་འགོད་པ་བཀག་འགོག་བྱེད་བཞིན་པ། ༠༩།༠༤།༢༠༡༨
REUTERS

སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༡༡ཚེས་༨ཉིན། རྒྱ་ནག་ཏུ་གསར་འགོད་པའི་དུས་ཆེན་ཐེངས་༢༤པ་སྲུང་བརྩི་བྱས་ཡོད་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ནི་གསར་འགོད་རང་དབང་ཆེས་སྡུས་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ངོས་འཛིན་བྱེད་ཀྱི་འདུག
རྒྱ་ནག་གི་གསར་འགོད་པ་ཟུར་པ་(Zhao Yan)་གིས་བརྗོད་དོན། རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང་བསྟུན་ནས། རྒྱ་ནག་གི་གསར་འགོད་པ་ཚོས་རང་དབང་གི་ཐོག་ནས་གནས་ཚུལ་སྤེལ་རྒྱུ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པ་དང་། དེ་ནི་ཞི་ཅིན་ཕིན་གྱིས་སྲིད་དབང་འོག་ཙམ་མ་ཡིན་པར། རྒྱ་ནག་དམར་ཤོག་གཞུང་བཙུགས་པ་ནས་བཟུང་། རང་དབང་ཐོག་ནས་དངོས་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱེད་པའི་གསར་འགོད་ལས་རིགས་ལ་བཀག་སྡོམ་དམ་དྲག་མཚམས་བཞག་མྱོང་མེད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་བཅར་འདྲིའི་སྐབས་གསུངས་འདུག
ད་དུང་ཁོང་གིས་དངོས་མྱོང་ལྟར། རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་ཏུ་ལས་ཀ་བྱེད་རྒྱུ་ནི་ཆེས་དཀའ་ངལ་ཅན་ཞིག་ཡིན་པ་དང་། དེ་ཡང་ཡོད་ཚད་རྒྱ་ནག་དམར་ཤོག་ཚོགས་པས་བཤད་པ་ལྟར་བྱེད་དགོས་ཀྱི་རེད་ཅེས་དང་། རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་འོག་གསར་འགོད་པ་ཚོར་བཙོན་མ་ལྟ་བུའི་དོ་དམ་བྱེད་ཀྱི་ཡོད་ཅིང་། གནས་ཚུལ་ཇི་འདྲ་ཞིག་སྤེལ་ཡང་ཚང་མ་ཞིབ་བཤེར་བརྒྱུད་ཆོག་མཆན་ཐོབ་པའི་རྗེས་སུ་གཞི་ནས་སྤེལ་ཆོག་གི་ཡོད་པ་རེད་ཅེས་བརྗོད་འདུག
དེ་བཞིན་དེ་སྔ་བོད་ནང་གི་མཚོ་སྔོན་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་སྒྲོལ་མ་ལགས་ཀྱིས་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་གསར་འགྱུར་ལས་རིགས་སྟེང་གི་གསར་འགོད་པ་ཚོར་གནས་ཚུལ་གང་མཐོང་བ་དེ་འགོད་རྒྱུའི་རང་དབང་མེད་པར་འབྲེལ་ཡོད་ནས་གང་བཀོད་སྒྲིག་གནང་བ་དེ་འགོད་དགོས་པ་དང་། ལྷག་པར་དུ་བོད་རིགས་གསར་འགོད་ཚོར་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ་དེ་སྔ་བཅར་འདྲིའི་སྐབས་གསུངས་ཡོད།
གཞན་རྒྱ་ནག་གཞུང་གིས་བོད་ནང་གི་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་དུ་དམ་དྲག་ཞིབ་བཤེར་ཤུགས་ཆེ་བྱེད་ཀྱི་ཡོད་ཅིང་། དྲྭ་ལམ་དུ་རྒྱ་ནག་གཞུང་གིས་ཚོར་བ་སྐྱེན་པར་ངོས་འཛིན་བྱས་པའི་གནས་ཚུལ་བཀོད་སྤེལ་བྱས་པའི་རྐྱེན་གྱིས་བོད་མི་མང་པོ་འཛིན་བཟུང་བྱས་པ་དང་། དེ་བཞིན་ཁ་པར་སོགས་ལ་སྔོག་བཤེར་གྱིས་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་སོགས་ཁྲིམས་འགལ་དུ་བརྩིས་ནས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་རིམ་པ་བྱུང་ཡོད། དཔེར་ན། འདི་ལོའི་སྤྱི་ཟླ་གཉིས་པའི་ནང་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པ། ན་གཞོན་ཚུལ་ཁྲིམས་ལགས་ཀྱིས་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་འཛིན་བཟུང་གིས་ཟླ་གཉིས་ལྷག་བཀག་ཉར་རྗེས། འདི་ལོའི་སྤྱི་ཟླ་༤པའི་ནང་རྔ་བ་ཁུལ་མི་དམངས་ཁྲིམས་ཁང་ཟེར་བས། ཚུལ་ཁྲིམས་ལགས་ཀྱིས་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པ་ཟེར་བའི་ཉེས་འཛུགས་འོག་ཁོང་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་ཡོད།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྤྱི་ལོ་༢༠༢༣ལོའི་འཛམ་གླིང་རྒྱལ་ཁབ་༡༨༠ནང་གི་གསར་འགོད་རང་དབང་གནས་སྟངས་ཐད་ཀྱི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་ནི་གསར་འགོད་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཨང་རིམ་༡༧༩ཡིན་པ་ཐེར་འདོན་བྱས་ཡོད་པ་ནི། རྒྱལ་སྤྱིའི་ནང་ནས་གསར་འགོད་རང་དབང་གནས་སྟངས་ཆེས་སྡུག་ཤོས་ཨང་གཉིས་པ་ཡིན་པ་དང་། དེ་ནི་ལོ་སྔོན་མར་རྒྱ་ནག་ནི་གསར་འགོད་རང་མེད་པའི་རྒྱལ་ཁབ་ཆེས་སྡུས་ཤོས་ཨང་ལྔ་པ་ནས་ཇེ་སྡུག་ཏུ་སོང་སྟེ། ཆེས་སྡུས་ཤོས་ཨང་གཉིས་པར་ལྷུང་བ་ཞིག་ཡིན་པ་དང་། ༢༠༢༣ལོའི་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་བྱང་ཀོ་རི་ཡ་ཡིན་པ་གསལ་འདུག
ཡང་གོང་ཞུས་སྙན་ཐོ་དེའི་ནང་། རྒྱ་ནག་ནི་འཛམ་གླིང་ནང་ནས་གསར་འགོད་པ་བཙོན་འཇུག་བྱས་པའི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པས་མ་ཟད། ཡང་ཕྱིའི་རྒྱལ་ཁབ་ཏུ་དྲིལ་བསྒྲགས་ཆེས་མང་ཤོས་སྤེལ་མཁན་གྱི་རྒྱལ་ཁབ་དེ་ཡང་ཡིན་པར་འཁོད་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎