༸གོང་ས་མཆོག་གི་ཨ་རིའི་མཛད་འཆར་ཁག་ཅིག་ལ་འགྱུར་བ།
2009.04.20
༄༅༎བཙན་བྱོལ་བོད་གཞུང་གི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནང་གི་སྔོན་འཆར་གྱི་མཛད་འཆར་ཁག་ཅིག་ལ་འགྱུར་བ་བཏང་གནང་བ་དེར་གསལ་བཤད་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་སྔོན་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་མངའ་སྡེའི་རྒྱལ་ས་ཨེལ་སྦ་ནི་ནང་མཛད་འཆར་ཁག་ཅིག་ལ་འགྱུར་བ་བཏང་དགོས་པའི་རྒྱུ་མཚན་ནི་མཛད་འཆར་དེ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཨེ་ཐི་ཁལ་ཧིའུ་མེ་ནི་ཀྲེ་རིཡེན་ཕའོན་ཌེ་ཤིན་ཞེས་པ་དེར་དཀའ་རྙོག་ཡོད་པའི་རྒྱུ་མཚན་ཡིན་སྐོར་གསུང་འདུག
ཡིན་ནའང་གོང་ཞུས་ཚོགས་པ་དེས་གོ་སྒྲིག་གནང་བའི་མང་ཚོགས་ཐོག་ས་ཁུལ་དེར་ཕྱི་ཟླ་ལྔ་པའི་ཚེས་དྲུག་ཉིན་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཞིག་གོ་སྒྲིག་གནང་བའི་རྒྱུ་མཚན་ནི་ཉེ་ལམ་ཚོགས་པ་དེའི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་ཞུས་ནས་ཚོགས་པའི་མིང་ཐོག་དཀའ་རྙོག་བྱུང་བ་དེ་གསལ་བཤད་གནང་རྗེས་གོང་ཞུས་ཀྱི་མཛད་འཆར་དེ་བཟོས་གནང་བའི་སྐོར་གློག་འཕྲིན་བརྒྱུད་ལམ་ཐོག་གསལ་བཤད་གནང་ཡོད་པ་རེད། ཚོགས་པ་དེར་སྐྱོན་བརྗོད་གནང་མཁན་རྣམས་ཀྱིས་ཚོགས་པའི་ཚོགས་མི་རྣམ་པའི་བློ་འགྱུར་ཐབས་ཀྱི་ཐབས་ལམ་གང་བྱུང་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐྱཽན་བརྗོད་དེར་ཚོགས་པའི་འགོ་འཁྲིད་རྣམས་ཀྱིས་ངོས་ལེན་གནང་གི་མེད་པའི་གནས་ཚུལ་ཐོན་འདུག