ཨེས་ཊོ་ནི་ཡའི་སེ་ཊོ་མི་རིགས་ཀྱི་དུས་སྟོན་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གདན་ཞུ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་དང་ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་ཕརསི་བསོད་ནམས་ཚེ་རིང་ལགས་ཡོ་རོབ་ཀྱི་ Estonia Seto Kingdom ཞེས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཕྲན་གཅིག་ཡོད་པ་དེའི་མི་རིགས་ཀྱི་ངོ་བོ་སླར་གསོའི་ཆེད་མི་འཛོམས་ཆེ་བའི་དུས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དེར་གདན་ཞུ་བྱུང་པ་ལྟར་ཡུལ་དེའི་ Riigikogu མངའ་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། བློན་ཆེན། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཕེབས་ཡོད་པ་ལྟར། ཨེས་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་ཞིང་། བོད་དོན་ངོ་སྤྲོད་གནང་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བཀའ་ཡིག་ཅིག་གྲོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་བསྩལ་གནང་པ་དེ་ཕུལ་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Riigikogu མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ Lauri Hussar མཆོག་གི་མཚན་འཁོད་ཕྱི་ཚེས་ ༣ ཉིན་གསུང་འཕྲིན་བསྩལ་གནང་མཛད་པའི་བརྒྱུད་འཚམས་འདྲི་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་ཡུལ་འདིར་ཕྱི་ལོ་ ༡༩༩༡ ལོར་ཆིབས་སྒྱུར་ཐོག་མར་གནང་པ་ནས་བཟུང་ད་བར་ཐེངས་གསུམ་༧ཆིབས་སྒྱུར་མཛད་པ་ཐུགས་དྲན་གསོ་གནང་གི་ཡོད་པ་བཀའ་གནང་ཞིང་། ལྷག་པར་ཡུལ་དེའི་མི་མང་ཚང་མས་གང་ཉིད་ཀྱི་འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་གོང་སྤེལ་གཏོང་རྒྱུ་དང་། ཆོས་ལུགས་ནང་ཁུལ་ཐུགས་མཐུན་ཁྲིམས་གཙང་ཡོང་ཐབས་སུ་སྐུ་ལས་བསྐྱོན་བཞིན་པར་ཐུགས་སྣང་གནང་པར་གཟིགས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་ཅེས་བཀའ་གནང་འདུག
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་བཀའ་ཡིག་ནང་། Estonia མི་མང་རྣམས་ཀྱིས་རང་དབང་ཀྱི་ཆེད་དང་ཡུལ་འདིའི་ནང་དུས་ཡུན་རིང་པོར་སྲིད་དབང་གཅིག་བཏུས་ཀྱི་དམར་པོའི་རིང་ལུགས་ལ་ཞི་བའི་སྟོབས་ཤུགས་ཀྱི་ཐོག་ནས་སེམས་ཐག་ཆོད་པོས་འཐབ་རྩོད་གནང་བ་དེར་གུས་བཀུར་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
དབྱིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་གིས་ Estonia Riigikogu མངའ་ཁུལ་གྱི་དབུ་ཁྲིད་རྣམས་དང་མཇལ་མོལ་གྱི་གནས་ཚུལ་ཁག་མངའ་ཁུལ་དེའི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་ Postimees ཞེས་པའི་གསར་ཤོག་ཐོག་གནས་ཚུལ་བཀོད་སྤེལ་བྱུང་ཡོད་འདུག
སྐུ་ཚབ་དོན་གཅོད་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཨེས་ཊོ་ནི་ཡར་ཕྱོགས་ཕེབས་སྐབས་ཡུལ་དེའི་གནས་ཡོད་དཔོན་རིགས་མང་པོ་མཇལ་པ་དང་། གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཅིག་བཞུགས་སྒར་དུ་གདན་ཞུ་གནང་ཐུབ་པའི་ཐུགས་རེ་ཡོད་པ་གསུངས་བྱུང་།
སྐུ་ཚབ་དོན་གཅོད་མཆོག་ཨེས་ཊོ་ནི་ཡའི་ཕྱོགས་ཕེབས་མཇུལ་སྒྲིལ་པའི་རྗེས་ཡོ་རོབ་བྱང་ཕྱོགས་སྦལ་ཊིཀ་ཡུལ་མཚོའི་ལཊ་ཝི་ཡར་ཕྱོགས་ཕེབས་ཀྱིས་ཁུལ་དེར་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་མི་སྣར་མཇལ་མོལ་གནང་རྒྱུའི་ལས་རིམ་སྔོན་སྒྲིག་ཡོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།