བོད་ནང་གངས་བབས་ཏེ་མི་༡༠གར་སོང་ཆ་མེད་དུ་གྱུར་བ།
2011.03.27
༄༅༎ད་རེས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་ཁ་བ་ཤུགས་ཆེ་འབབ་ཏེ་གངས་རུད་ཐེབས་པའི་མི་བཅུ་དེ་རིང་གནམ་གཤིས་གྲང་ངར་དེའི་ནང་ཉེན་སྐྱོབ་རུ་ཁག་གིས་འཚོལ་བཞིན་ཡོད་པའི་སྐོར་དེ་རིང་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
གསར་ཤོག་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་ཀྱི་ཀོང་པོ་ཉིང་ཁྲི་ཁུལ་གྱི་སྤོ་མེས་དང་པད་མ་བཀོད་བར་གྱི་རི་རྒྱུད་ཀྱི་འགྲོ་ལམ་ཐོག་གངས་རུད་ཐེབས་ཏེ། ཉེན་སྐྱོབ་རུ་ཁག་གིས་མི་༡༣༨བཏོན་ཐུབ་པ་བྱུང་ཡོད་ཀྱང༌། ད་དུང་མི་བཅུ་པོ་དེ་རྣམས་གངས་རུད་ནང་ཚུད་དེ་དེ་རིང་གིས་ཉིན་གྲངས་གསུམ་འགྲོ་གི་ཡོད་ཀྱང་རྙེད་སོན་བྱུང་མེད་ཅིང༌། ཀོང་པོ་ཉིང་ཁྲི་ས་གནས་དཔོན་རིགས་རུས་མིང་ལྦུ་ཟེར་བས། གངས་རུད་ཀྱི་གནོད་འཚེའི་ནང་གོད་ཆགས་ཕོག་པའི་མི་མང་ཆེ་བ་ས་གནས་ཀྱི་ཡུལ་མི་ཡིན་པ་དང༌། པད་མ་བཀོད་དུ་མོ་ཊའི་འགྲོ་ལམ་བཟོ་སྐྲུན་གྱི་ལས་ཀ་བྱེད་མཁན་ལས་མི་ཞིག་ཀྱང་གངས་རུད་ནང་ཚུད་ཡོད་པའི་སྐོར་དང༌། གངས་རུད་ཀྱིས་རྨས་སྐྱོན་ཕོག་པ་རྣམས་སྨན་ཁང་དུ་བསྐྱལ་ཡོད་པ་ལས་རྨས་སྐྱོན་ཚབས་ཆེ་ཕོག་པ་བྱུང་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
གཟའ་འཁོར་སྔོན་གྱི་གཟའ་མཇུག་ནས་བོད་ཀྱི་ས་ཁུལ་ནང་ཁ་བ་ཤུགས་ཆེ་འབབ་སྟེ། མོ་ཊ་དང་མིའི་འགྲོ་ལམ་འགག་པ་མ་ཟད། ཟི་ཁྲོན་ཞིང་ཆེན་ནས་བོད་བར་གྱི་མོ་ཊའི་འགྲོ་ལམ་ཡང་འགག་སྟེ། འགྲོ་ལམ་དེའི་ཐོག་ཏུ་ལུས་པའི་མོ་ཊ་བདུན་དང་མི་༢༢རྣམས་ཉེན་སྐྱོབ་རུ་ཁག་གིས་བཏོན་པ་དང༌། ཁ་ས་རེས་གཟའ་སྤེན་པ་ནས་འགྲོ་ལམ་བསང་ཐུབ་པ་བྱུང་སྟེ་བསྐྱར་དུ་འགྲིམས་འགྲུལ་གྱི་སྒོ་མོ་ཕྱེ་ཡོད་པ་རེད།།