ལྷ་ས་ཁུལ་དུ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་འབོད་འགུག་འདྲི་རྩད་བྱེད་བཞིན་ཡོད་འདུག

2023.03.14
ལྷ་ས་ཁུལ་དུ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་འབོད་འགུག་འདྲི་རྩད་བྱེད་བཞིན་ཡོད་འདུག རྒྱ་ནག་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་དུ་ལམ་འགྲོ་བ་ཚོར་ཞིབ་བཤེར་བྱེད་བཞིན་པ། ༢༠༢༣།༣།༡༡ ཉིན།
China State Media

ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༣ པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་དུ་དམ་དྲགས་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་བོད་མི་གཉིས་ལ། ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་དོགས་གཞིའི་འོག་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པ་དང་། ད་ལྟའི་ཆར་མུ་མཐུད་སྤྱི་ཚོགས་བདེ་འཇགས་ཞེས་སྤྱི་ཚོགས་དྲ་ལམ་ཁག་ལ་ལྟ་བཤེར་ཤུགས་ཆེར་བྱེད་བཞིན་པ་མ་ཟད། དྲ་ལམ་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་གཙོས་བོད་མི་མང་དག་ཅིག་ལ་འབོད་འགུག་འདྲི་རྩད་སོགས་བྱེད་བཞིན་ཡོད་པས། འབྲེལ་བ་བྱ་རྒྱུར་སྟབས་བདེ་མིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ཉིན་ཤས་སྔོན་ང་དང་གྲོགས་པོ་གཉིས་ལ་ཁ་པར་ཡོང་སྟེ་ཉེན་རྟོག་ཁང་དུ་ཡོང་དགོས་པར་བཤད་པ་ལྟར། ཉེན་རྟོག་ཁང་དུ་འབྱོར་སྐབས་ད་བར་སུ་སསྣ་སུ་སུ་དང་འབྲེལ་བ་བྱས་ཡོད་དང་གནས་ཚུལ་ག་རེ་བསྐུར་ཡོད། སྐད་ཆ་ག་རེ་བཤད་ཡོད་ཚང་མ་ཉེན་རྟོག་པའི་གློག་ཀླད་ནང་ཉར་ཚགས་བྱས་ཡོད་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱས་རིགས་ལ་ཉེན་བརྡ་གཏོང་བ་དང་ཐོབ་ཐང་དཔང་ཡིག་གི་དཔར་བཤུས་མཁོ་སྤྲོད་སོགས་དགོས་སྐོར་བརྗོད་སོང་ལ། ཕྱི་ཟླ་༣ཚེས་༡༤་ཉིན་དེ་ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ་མགོ་ཚུགས་པའི་ཉིན་དང་འཁེལ་ཡོད་པ་བཞིན། ཡང་འབྲེལ་ཡོད་གཞན་དེས་དེ་རིང་དམིགས་བསལ་དམ་དྲགས་ཡོད་པས་འབྲེལ་བ་བྱེད་མི་ཡོང་རྒྱུ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ནམ་རྒྱུན་ཕྱི་ཟླ་༣པ་དེ་བོད་ནང་ལ་མཚོན་ན་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་དུས་ཚིགས་ཤིག་ཏུ་ངོས་འཛིན་གྱིས་དམ་དྲགས་བྱེད་སྲོལ་ཡོད་པ་བཞིན། ཕྱི་ཟླ་༣ཚེས་༡༡ཉིན་རྒྱ་ནག་གཞུང་འབྲེལ་ལྷ་ས་ཉེན་རྟོག་ཕྱོགས་ནས་རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་བདེ་འཇགས་ཡོང་ཆེད། ལྷ་ས་ཉེན་རྟོག་ཕྱོགས་ཀྱིས་དཔྱིད་རླུང་ལས་འགུལ་ཞེས། ཟ་ཁང་མགྲོན་ཁང་དང་གཙོས་ས་གནས་ཁག་ཏུ་སྤྱི་ཚོགས་བདེ་འཇགས་ཞེད་ཞིབ་བཤེར་བྱེད་སྐབས། སྤྱི་ཚོགས་བདེ་འཇགས་གནད་དོན་ཡོད་པའི་མི་གྲངས་༡༠འབོད་འགུག་འདྲི་རྩད་བྱས་ཡོད་པ་སོགས་བཀོད་ཡོད་པ་དང་། འབྲེལ་ཡོད་བོད་མི་གཞན་དེས་དེང་སྐབས་ལྷ་ས་ཁུལ་དུ་ཇོ་ཁང་དང་པོ་ཏ་ལ། སེ་ར་དགོན་པ་དང་འབྲས་སྤུངས་དགོན་པར་འགྲོ་སའི་གཞུང་ལམ་གཡས་གཡོན་གྱི་བཞི་མདོ་གང་སར་ཞིབ་བཤེར་ས་ཚིགས་བཙུགས་ཏེ། གནས་མཇལ་བ་དང་སྐོར་བར་འགྲོ་མཁན་ཚོའི་ཁ་པར་དང་རྒྱབ་ཁུག་སྔོག་བཤེར་བྱེད་བཞིན་ཡོད་པ་བརྗོད་བྱུང་།  

རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་ཕྱི་ཟླ་༣་པ་ཚེས་པ་ནས་བཟུང་ཞིབ་བཤེར་དམ་དྲགས་དང་། དྲག་ཆས་དམག་མི་འགྲེམས་འཇོག་ཤུགས་ཆེར་བྱེད་མགོ་ཚུགས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་དྲྭ་རྒྱ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། ཟླ་བ་གསུམ་པའི་ནང་རྒྱལ་ས་ལྷ་སའི་ནང་སྤེལ་བའི་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དེ་རིགས་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ནག་ཆུ། ཆབ་མདོ། ལྷོ་ཁ།གཞིས་རྩེ་སོགས་ས་ཁུལ་ནང་ལ་ཡང་གཅིག་མཚུངས་ཀྱིས་སྤེལ་བཞིན་ཡོད་པ་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎