བོད་མལ་གྲོ་གུང་དཀར་ཁུལ་དུ་གཏེར་ཁ་བསྔོག་འདོན།
2009.08.18
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་ཡོད་པ་མེལ་གྲོ་གུང་དཀར་རྒྱ་མ་རྫོང་གི་ས་གནས་ཡུལ་མི་ཚོས་ས་གནས་གཞུང་ལ་ཁུལ་དེའི་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་ཡོང་བའི་ཞུ་ཡིག་ཅིག་ཕུལ་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
མལ་གྲོ་གུང་དཀར་རྒྱ་མ་རྫོང་གི་ས་གནས་ཡུལ་མི་ཚོའི་ཞུ་ཡིག་དེའི་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་དག་གིས་རྐྱེན་པས་རང་རྡོལ་ཆུ་མིག་སྐམ་པ་དང་འཐུང་ཆུའི་ནང་དུག་རྫས་སླེབས་པ་དེ་བཞིན་ཤིང་ད་ཤིང་སྣ་རྩ་མེད་དུ་བཏང་པ་སོགས་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་བ་མ་ཟད་མི་དང་སྒོ་ཕྱུགས་སེམས་ཅན་གྱི་འཕྲོད་བསྟེན་ལ་ཡང་ཉེན་ཁ་ཚབས་ཆེ་བཟོ་བཞིན་ཡོད་པ་སོགས་འཁོད་འདུག
ད་དུང་ཞུ་ཡིག་དེའི་ནང་ད་བར་སྒོ་ཕྱུགས་སེམས་ཅན་ཆིག་སྟོང་ཙམ་དུག་རྫས་ཡོད་པའི་ཆུ་འཐུང་རྐྱེན་ཤི་བ་སོགས་གནད་དོན་འདི་དག་གི་ཐད་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་སྐོར་བཀོད་ཡོད་ན་ཡང་ད་བར་ས་གནས་གཞུང་གིས་ཁོང་ཚོའི་ཞུ་ཡིག་དེར་ཡ་ལན་གང་ཡང་བྱས་མི་འདུག་པར་མ་ཟད་ས་གནས་ཡུལ་མིའི་དངོས་ཡོད་གནས་སྟངས་ཐད་ཀྱི་སེམས་ཚབས་ལ་ཆེད་མངགས་དོ་སྣང་མི་བྱེད་པའི་སྲིད་བྱུས་ཤིག་བཟུང་བཞིན་ཡོད་འདུག
དེར་བརྟེན་ད་ཆ་རྒྱ་མ་རྫོང་གི་ཡུལ་མི་ཚོས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དང་འཕྲོད་བསྟེན་དང་འབྲེལ་བའི་སྒྲིག་འཛུག་ཁག་ནས་ཁོང་ཚོའི་གནས་སྟངས་ལ་ཞིབ་འཇུག་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་དུ་མཚམས་འཇོག་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་དེའི་ཐོག་གནས་ཚུལ་བཀོད་འདུག
འདི་ལོ་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་རྒྱ་མ་རྫོང་གི་ས་གནས་དེའི་རྒྱུགས་ཆུ་ཞིག་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་ཐབས་བྱེད་སྐབས་ས་གནས་བོད་མི་དང་རྒྱ་མིའི་གཏེར་ལས་པའི་དབར་འཁྲུག་འཛིང་བྱུང་སྟེ་བོད་མི་གསུམ་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་ཅིང་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གཅིག་ཉིན་ས་གནས་ཡུལ་མི་ཁག་ཅིག་གིས་ས་གནས་དེའི་ནང་བལྟ་བསྐོར་དུ་ཡོང་བའི་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོར་ཆེད་བཅར་གྱིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡང་ཁོང་ཚོའི་གནད་དོན་ལ་བདག་སྤྲོད་བྱ་རྒྱུའི་ཚབ་ཏུ་ས་གནས་དེའི་ནང་ལས་དོན་རུ་ཁག་བཏང་སྟེ་སུས་ཀྱང་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱས་ཀྱང་ཆབ་སྲིད་ལས་འགུལ་གྱི་ཉེས་ཆད་ཕོག་སྲིད་ལུགས་ཀྱི་ཉེན་བརྡ་བཏང་པའི་གནས་ཚུལ་བྱུང་འདུག
བོད་ཀྱི་ས་གནས་མང་པོའི་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད་པ་རེད།