བོད་ནང་རྒྱ་ནག་གིས་དམ་དྲག་ཇེ་ཆེར་བཏང་ཡོད་པ།
2015.03.04
རྒྱ་ནག་གི་འབྲེལ་ཡོད་ཚན་པས་མཚོ་སྔོན་མགོ་ལོག་ཕྱོགས་སུ་དམ་བསྒྲགས་ཤུགས་ཇེ་ཆེར་བཏང་ཡོད་པ་རེད་འདུག
དེ་ཡང་རིང་མིན་སྤྱི་ཟླ་༣་ཚེས་༡༠་ཉིན་དེ་སྔོན་སྤྱི་ལོ་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་དམངས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་གྱེན་ལངས་བྱས་པའི་ཉིན་མོ་ཞིག་ཡིན་པ་དང་། ༣།༡༠དུས་དྲན་དེ་བོད་མི་ཚོས་སྲུང་བརྩི་ཞུ་བཞིན་ཡོད་ཙང་ད་རེས་དམིགས་བསལ་༣།༡༠་དུས་དྲན་གྱི་གོང་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་མགོ་ལོག་ཁུལ་ཁོངས་ཀྱི་ས་གནས་མང་པོར་ད་ལྟ་ནས་དམ་བསྒྲགས་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོིད་པ་དང་། འདི་གའི་གསར་འགོད་པ་གནས་ཚུལ་བཏང་དོན། རྒྱ་ནག་གི་ས་གནས་ཉེན་རྟོག་པས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་། པདྨ་རྫོང་སོགས་ཀྱི་གནད་འགག་ཆེ་བའི་ས་གནས་ཁག་ལ་འགག་སྒོ་མང་པོ་བཙུགས་ནས་རྒྱ་ནག་གི་ཉེན་རྟོག་སྐོར་བྱ་དམག་མིའི་ཞིབ་བཤེར་བྱེད་བཞིན་པ་རེད། སྐབས་དེར་བོད་མིའི་འགྲོ་བསྐྱོད་ལ་ཞིབ་བཤེར་སོགས་བྱས་ཏེ་འགྲོ་སྡོད་ཀྱི་རང་དབང་ཐོབ་ཐང་སོགས་བོད་མིའི་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
མགོ་ལོག་ཁུལ་ནས་ཉེ་བའི་ཆར་བོད་མི་བཞིས་བོད་མིའི་རང་དབང་ཆེད་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁོངས་ནས་བོད་མི་གསུམ་མེར་བསྲེགས་བཏང་ནས་རང་སྲོག་འདོར་ཡོད་པ་དང་། དེ་ཚོའི་ཁོངས་ནས་བོད་མི་གཅིག་ད་ལྟའང་འདས་སོན་གྱི་གནས་ཚུལ་ཆ་མི་རྟོག་པར་གནས་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།