དགེ་འདུན་པ་པདྨ་ལགས་ནས་ཞི་རྒོལ་རྗེས་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་དུ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ལགས་ནས་ཀིརྟི་དགོན་པའི་འདབས་ཀྱི་དཔའ་བོའི་སྲང་ལམ་ཞེས་པའི་གཞུང་ལམ་སྟེང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པས་ཀིརྟི་དགོན་པར་ཉིན་མཚན་གྱིས་སོ་སྲུང་བྱས་ཡོད་པ་མ་ཟད། དགོན་པའི་ནང་དུ་ཉེན་རྟོག་པའི་ཆས་གྱོན་མེད་པའི་མི་སྣ་ཆེད་གཏོང་གིས་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་དང་། དགོན་པར་གཏན་སྡོད་ལྟ་རྟོགས་ལས་ཁུངས་ངོས་ནས་དགེ་འདུན་པ་ཚོར་སྲིད་གཞུང་གི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་པདྨ་ལགས་ནས་ཞི་རྒོལ་བྱས་རྗེས་དགོན་པའི་འགན་འཁུར་བ་ཚོར་ལས་ཀ་ཡག་པོ་བྱས་མེད་སྐོར་བརྗོད་ནས། འབོད་འགུག་འདྲི་རྩད་དང་རྗེས་ཕྱོགས་དགོན་པའི་དགེ་འདུན་པ་ཚོའི་ཁྲོད་ནས་ངོ་རྒོལ་རིགས་ཀྱི་གནད་དོན་བྱུང་མི་ཆོག་པའི་ཁས་ལེན་སོགས་བཙན་ཐབས་ཀྱིས་བྱེད་བཅུག་ཡོད་པ་དང་། དེ་བཞིན་དགེ་འདུན་པ་པདྨ་ལགས་དང་འབྲེལ་ཡོད་དགེ་འདུན་པ་ཚོར་ཁ་པར་སོགས་ལ་སྔོགས་བཤེར་གྱིས་ད་དུང་ཁོང་ཚོར་ཁ་པར་ཕྱིར་སྤྲད་མེད་པ་མ་ཟད། དགེ་འདུན་པ་སྤྱི་ཡོངས་ལ་དགོན་པའི་ཕྱི་ལ་འགྲོ་སྐྱོད་བྱེད་པར་ཡར་ཞུ་དགོས་པ་སོགས་འགྲོ་ཐབས་སྡོད་ཐབས་མེད་པ་ལྟ་བུ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
ཡང་འབྲེལ་ཡོད་བོད་མི་གཞན་དེས་ཕྱི་ཟླ་ ༤ ཚེས་རྗེས་རྔ་བ་ཁུལ་མངའ་ཁུལ་གྱི་མཛོད་དགེ་རྫོང་དང་འཛམ་ཐང་རྫོང་། འབར་ཁམས་རྫོང་། ཁྱུང་མཆུ་རྫོང་། རྔ་བ་རྫོངས་སོ་སོའི་དགོན་སྡེ་ཁག་ཚང་མའི་ནང་། དགེ་འདུན་པའི་ཀུན་སྤྱོད་དང་སྒྲིག་ལམ་དམ་ཟབ་དང་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་ཚོགས་འདུ་འདྲ་མིན་ཚོགས་ཏེ། དགེ་འདུན་པ་ཚོས་དམར་ཤོག་ཚོགས་པའི་བཀའ་ལ་ཉན་ནས། དགོན་སྡེའི་སློབ་གསོའི་ཁྲོད་སྤྱི་ཚོགས་རང་ལུགས་ལྟ་བ་དང་སྲིད་གཞུང་གི་ཆབ་སྲིད་སློབ་གསོར་ཤུགས་སྣོན་དགོས་སྐོར་བཤད་བཞིན་ཡོད་པ་དང་། གནད་དོན་དེ་དག་ཀྱང་དགེ་འདུན་པ་པདྨ་ལགས་ནས་ཞི་རྒོལ་རྗེས་ཤུགས་ཆེར་སྤེལ་བཞིན་ཡོད་སྐོར་བརྗོད་བྱུང་།
དགེ་འདུན་པ་པདྨ་ལགས་ནི་རྔ་བ་སོ་རུ་མ་ནས་ཡིན་ཞིང་། རྔ་བ་ཀིརྟི་དགོན་དུ་བཀའ་རམས་བཅུ་པའི་འཛིན་གྲྭའི་ནང་ཡོད་པ་དང་། ཁོང་གིས་ཞི་རྒོལ་རྗེས་རྒྱ་ནག་ཉེན་རྟོག་ཕྱོགས་ནས་བཙན་ཁྲིད་ཀྱིས་ཁོང་གི་ཞིབ་ཕྲའི་གནས་སྟངས་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་པ་རེད་ལ། དགེ་འདུན་པ་པདྨ་ལགས་ནས་ངོ་རྒོལ་དང་འབྲེལ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་རྗེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྔ་བ་རྫོང་ཉེན་རྟོག་ཁང་དུ་འབྲེལ་བ་བྱས་ཏེ་དགེ་འདུན་པ་པདྨ་ལགས་ཀྱི་སྐོར་ལ་དྲིས་པར། འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ནས་ངོ་ཤེས་ཀྱི་མེད་ཅེས་ལན་འདེབས་བྱས་མེད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།